ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཌོ་ལན་ཇི་བོན་གཞིས་སྨན་རི་གླིང་གི་གདན་སར་ཞྭ་དཀར་བསྟན་པའི་མངའ་བདག་སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པའི་ཁྲི་གསོལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ངོ་བཅར་ཞུས་ཡོད།
དེ་ཡང་སྔ་དྲོ་ཕྱག་ཚོད་ ༧ པའི་ཐོག་སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་བཞུགས་ཁྲིར་ཞབས་བཀོད་གནང་རྗེས་དཔལ་ལྡན་བཀའ་བློན་མཆོག་གིས་རྟེན་གསུམ་འདེགས་འབུལ་ཞུས་པ་དང་དེ་རྗེས་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང་གསུང་བཤད་གནང་།
ཆོས་རིག་བཀའ་བློན་མཆོག་གིས་སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། སྐྱབས་རྗེ་དམ་པ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་པ་ལྷད་མེད་བསྐྱངས་པ་དང་། ལྷག་པར་སྤྱི་ནོར༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བསྟན་པ་སྤྱི་ལ་ཞབས་ཞུ་ལྷག་བསམ་རྣམ་བདག་བསྒྲུབས་པར་བཀའ་དྲིན་རྗེས་དྲན་ཞུས་ཡོད།
བཀའ་བློན་མཆོག་གིས་དེང་དུས་ཕྱི་དངོས་པོའི་མཐུན་རྐྱེན་བཟང་ཡང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་གྲྭ་རྒྱུན་ཉུང་དུ་འགྲོ་བའི་སྐབས་འདིར་དགེ་འདུན་ཡོད་བཞིན་པ་དེ་མུ་འཐུད་གནས་ཐབས་དང་སྤུད་ཚད་ལེགས་དུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་། དེ་རྗེས་སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མིང་རྣམས་ལ་བཀའ་སློབ་སྩལ།
ཆུ་ཚོད་ ༡༠ པའི་ཐོག་སྐྱབས་རྗེ་སྨན་རི་ཁྲི་འཛིན་དབུ་བཞུགས་ཐོག་སྐབས་བཅུ་དགུ་པའི་དགེ་བཤེས་ཀྱི་མཛད་སྒོ་འགོ་འཛུགས་ཀྱིས་སྔོན་འགྲོའི་གཞུང་བཤད་དང་གསོ་སྦྱོང་གི་ཆོ་ག་གསུང་། མཛད་སྒོར་གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་པ་དང་། བོན་གཞིས་ས་གནས་འགོ་འཛིན། དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད།
ཉིན་རྒྱབ་སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གིས་སྨན་རི་གླིང་གི་བླ་བྲང་དང་། སྒྲུབ་གྲྭ། བཙུན་དགོན་ར་ཏྣ་སྨན་གླིང་སོགས་སུ་ཡོད་པའི་བཞུགས་ཁྲི་གཞན་རྣམས་ལ་རིམ་བཞིན་ཞབས་བཀོད་གནང་ཡོད། །