༢༠༡༨ ཟླ་ ༢ ཚེས་ ༦ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཞི་རྒོལ་སྐད་འབོད་གནང་སྐབས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་ཟླ་ ༡ ཚེས་ ༢༨ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་ལགས་ཀྱིས། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་སྐོར་བ་གཅིག་བརྒྱབ་ནས། པོ་ཏ་ལའི་མདུན་ཐང་དུ་ཞི་རྒོལ་སྐད་འབོད་བྱེད་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་དང་། ཕྱི་ཉིན་སོག་རྫོང་དུ་ཕྱིར་ཁྲིད་ནས་བཙོན་འཇུག་བྱས་ཡོད་འདུག སྐབས་དེར་ཁོང་གིས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་སོགས་ཀྱི་སྐོར་ལ་ད་ལྟའི་ཆར་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད།
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་སོག་མཁར་བློ་གྲོས་ལགས་ཀྱིས་བརྙན་ཐུང་སྐར་མ་གཅིག་དང་སྐར་ཆ་ཞེ་གཉིས་ཅན་ཞིག་ཡོད་པའི་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ང་ཚོ་ཁ་བ་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉིས་མ་བཞེངས་ལྷུན་གྱི་གྲུབ་པའི་འཛམ་གླིང་ཞི་བདེ་བསྟི་གནས་ཞིག་ཡིན། ང་ཚོ་ཁ་བ་རི་པས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པར། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འཚེ་མེད་ཞི་བདེའི་ལམ་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ། ལམ་དབུ་མའི་ཐོག་ནས་འཛམ་གླིང་ཞི་བདེ་དང་ལེན་བྱས་ཡོད། དཔེར་ན། ང་ཚོའི་དོན་གྱི་བདག་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དགོངས་གཞི་རེད། དེ་མ་ཟད་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་བརྒྱ་སྟོང་མང་པོས། འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལུས་མེ་རུ་སྒྲོན་ཡོད། ངས་ཀྱང་མི་ལོ་ཉི་ཤུའི་རིང་ལ་འཛམ་གླིང་ཞི་བདེའི་ཆེད་འབད་བརྩོན་བྱས་ཡོད་ལ་ལྷག་པར་དུ་ལོ་ངོ་ ༡༡ གི་རིང་ལ་འཛམ་གླིང་ཞི་བདེའི་དྲིལ་བསྒྲགས་དང་། འཛམ་གླིང་ཞི་བདེའི་ཕྱོགས་སུ་ལུས་ངག་ཡིད་གསུམ་གྱིས་འབད་བརྩོན་བྱས་ཡོད། བཙོན་ཁང་ནང་ལ་ལོ་བདུན་བསྟུད་མར་དྲིལ་བསྒྲགས་བྱས་པ་ཡིན་ལ། བཙོན་ཁང་ནས་ཕྱིར་ཐོན་རྗེས་ལོ་བཞིའི་རིང་མཐོ་དམན་དྲག་ཞན་ཕོ་མོ་རྒན་གཞོན་རྣམས་ལ་སྲིད་དོན་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པར་ཀུན་ལ་དྲིལ་བསྒྲགས་བྱས་ཡོད། ད་ཐེངས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་དངོས་སུ་འཛམ་གླིང་ཞི་བདེའི་ལས་འགུལ་འགོ་འཛུགས་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུང་འདུག
དེ་བཞིན་ཆབ་སྲིད་ཀྱི་གནད་དོན་འོག་སོག་མཁར་བློ་གྲོས་ལགས་མི་ལོ་༢༡ རིང་བཙོན་འཇུག་དང་རྒྱ་གཞུང་གི་ཉེན་རྟོག་པའི་མནར་གཅོད་མྱོང་ཡོད་པ་རེད། ཐོག་མར་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡ ཚེས་ ༡༧ ཉིན་སྒེར་འཁོན་ཞིག་གི་དབང་གིས་ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་ ༡༥ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༣ ཚེས་ ༤ ཉིན་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བཙོན་ཁང་ནང་དུ་བཙོན་པ་ ༤༠༠ ལྷག་ཙམ་གྱི་སྣེ་ཁྲིད་ནས་ ༼བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་ཆིག་སྒྲིལ་ཡིན།༽ ཞེས་སྐད་འབོད་བྱས་པ་དང་། ཁོ་རང་གིས་ལག་པའི་བྲིས་པས་ཡིག་ཆ་ ༣༠༠ ལྷག་ཙམ་བཀྲམས་པར་བརྟེན། ཉིན་གསུམ་ལས་མ་འགྱངས་བར་སྲོག་གི་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་ཡོད། འོན་ཀྱང་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལྟ་རྟོག་ཚོགས་པའི་འགན་འཛིན་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ནས་གནོན་ཤུགས་སྤྲད་དེ་སྲོག་ཁྲིམས་ལོ་དྲུག་ཕྱིར་འགྱངས་ཀྱིས་ཁྱོན་མི་ལོ་ ༢༡ རིང་མུ་མཐུད་བཙོན་འཇུག་བྱས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་བཙོན་གྲོལ་ཐོབ་ཡོད་ཀྱང་བཟང་བཙོན་འོག་འགྲོ་འདུག་གི་རང་དབང་མེད་པར་ལོ་བཞིར་འདུག་དགོས་བྱུང་འདུག
ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གི་དབང་ཡོད་གོ་སྒྲིག་འོག་བོད་ཤར་ཕྱོགས་རྫོང་ཁག་ཅིག་ཏུ་སྟག་གཟིག་གི་པགས་པ་གྱོན་བཅུག་སྟེ་གཞས་སྣ་འཁྲབ་སྟོན་དང་། མི་མང་ལ་ལྟད་མོ་ལྟ་བཅུག་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་རྒྱ་གཞུང་གིས་སོག་རྫོང་དང་འབྲི་རུ་རྫོང་བཅས་ནས་བོད་ཀྱི་ས་ཁུལ་གཞན་དུ་སློབ་གཉེར་བྱེད་དུ་ཕྱིན་པའི་གྲྭ་བཙུན་རྣམས་ཕྱིར་རང་ཁྱིམ་དུ་ལོག་དགོས་པ་དང་། གལ་ཏེ་མ་ལོག་པ་ཡིན་ན་ཁྱིམ་མི་ཚོར་དབྱར་རྩྭ་དགུན་འབུ་བརྐོ་རུ་འཇུག་རྒྱུ་མིན་པ་མ་ཟད། ནང་མི་རྣམས་བཙོན་བཅུག་བྱ་རྒྱུ་ཡིན་པ་སོགས་བརྗོད་དེ་འཇིགས་སྐུལ་བྱེད་སྐབས། བློ་གྲོས་རྒྱ་མཚོ་ལགས་ཀྱིས་སློབ་གཉེར་བ་ཚོར་སློབ་སྦྱོང་བྱེད་པའི་རང་དབང་མེད་པར་བཙན་གྱིས་འབོད་འགུག་བྱེད་པ་ནི། རྒྱལ་སྤྱི་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་ཚོས་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་བསགས་མེད་ཅེས་ཞུ་འབོད་བྱས་ནས་སོག་རྫོང་དུ་ངོ་རྒོལ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༦ ལོར་ཁོང་འཛིན་བཟུང་གིས་འབྲི་རུ་རྫོང་གི་རྩ་མདའ་བཙོན་ཁང་དུ་བཀག་ཉར་བྱེད་མྱོང་ཡོད་པ་རེད།
ཁོང་གི་སྔོན་མ་ཞིག་ལ་གསུང་དོན། མ་འོངས་ལོ་གཉིས་རྗེས་སུ་ལས་འཆར་འདི་ལྟར། དེ་སྔོན་ཆབ་སྲིད་བཙོན་པར་གློད་གྲོལ་བཏང་རྗེས་སྤྱི་ཚོགས་ཐོག་ཆབ་སྲིད་དབང་ཆ་ལོ་གསུམ་འཕྲོག་གི་ཡོད་ཀྱང་ད་ལྟ་ང་རང་ལོ་བཞི་ཙམ་ཞིག་འཕྲོག་སོང་། དེའི་དུས་ཚོད་དེ་ནི་ཕྱི་ལོ་༢༠༡༧ ཟླ་ ༥ ཚེས་ ༢ ལ་དེའི་དུས་བཀག་དེ་ཚང་འགྲོ་གི་ཡོད། དུས་བཀག་ཚང་བ་ནས་བཟུང་ང་རང་ཉིད་འདས་དོན་ཆབ་སྲིད་ཀྱི་ལས་ཀ་ཟེར་ན་འདྲ། ང་རང་བསམ་བློའི་ནང་གི་འཆར་གཞི་ཟེར་ན་འདྲ། གང་ལྟར་ཉིན་དེ་ནས་བཟུང་ལས་དོན་འགོ་བཙུགས་སྟེ་གོམ་འགྲོས་དང་འབོད་སྒྲ་སྒྲོགས་རྒྱུ་ཡིན། འབོད་ཚིག་གཙོ་བོ་ག་རེ་ཡིན་ཟེར་ན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་དབུ་ཁྲིད་སྟེ་འཛམ་གླིང་ཞི་བདེ་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་། བོད་འདི་ཞི་བདེའི་བསྟི་གནས་སུ་མངོན་འགྱུར་ཡོང་བ་བྱས་སྟེ། འཛམ་གླིང་ཡོངས་ཀྱི་སྐམ་མཚོ་མཁའ་གསུམ་གྱི་དམག་རྣམས་ཆིག་སྒྲིལ་གྱིས་གོ་ལ་ཡོངས་ལ་ཞབས་འདེགས་ཞུ་དགོས་ཟེར་བའི་འབོད་སྒྲ་དེ་ཡིན། གོམ་འགྲོས་དེ་ནི་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་ནས་རྒྱལ་ས་ལྷ་སའི་པོ་ཏ་ལའི་ཐང་ཆེན་ནས་དབུ་བཙུགས་སྟེ་ག་བར་འགྲོ་ཐུབ་ཐུབ་སྐྱོད་རྒྱུའི་དམ་བཅའ་བརྟན་པོ་ཡོད་སྐོར་བཅས་གསུང་འདུག
བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་ནི། བོད་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༧ ཡིན་འདུག།