ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢ རེས་གཟའ་པ་སངས།
༄༅། ། ལོ་ན་ ༢༤ ལ་སོན་པའི་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་མ་ཧཱ་རཱ་ཇཱ་ས་ཡ་ཇི་རཱོ་གཙུག་ལག་སློབ་གཉེར་ཁང་ Maharajah Sayajirao University of Baroda དུ་རྒྱལ་རབས་ཆེད་སྦྱོང་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་སྟེ་སློབ་མཐར་ཕྱིན་ཡོད་པ་མ་ཟད། གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ནང་བརྒྱ་ཆ་ ༧༢་༩ བླངས་ཏེ་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་ཡོད། འདི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༢ ཉིན་མ་ཧཱ་རཱ་ཇཱ་ས་ཡ་ཇི་རཱོ་གཙུག་ལག་སློབ་གཉེར་ཁང་གིས་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ ༦༦ ཚོགས་པ་དང་བསྟུན་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ལ་གསེར་གྱི་རྟགས་མ་དེ་གནང་ཡོད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་་སྐུ་ཞབས་རཱམ་ནཐ་ཀོ་ཝིནྜ་ Shri. Ram Nath Kovind མཆོག་ཕེབས་ཡོད།
འདི་གའི་གསར་འགོད་པས་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ལ་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
གསར་འགོད་པས། ཁྱེད་ཀྱིས་རང་ཉིད་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
བསྟན་འཛིན་སྒྲོལ་མ་ལགས། ངའི་མིང་ལ་བསྟན་འཛིན་སྒྲོལ་མ་ཞུ་གི་ཡོད། ང་མ་སུ་རི་ནས་སྐྱེས་པ་དང་། དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་ ༡༠ བར་སློབ་གཉེར་བྱས་པ་ཡིན། གོ་པལ་པུར་བོད་ཁྱིམ་ནས་འཛིན་རིམ་ ༡༢ སློབ་མཐར་ཕྱིན་རྗེས་ཕྱི་ལོ་ ༢༠༡༢ ལོར་བྷ་རོ་ཌ་མ་ཧཱ་རཱ་ཇཱ་ས་ཡ་ཇི་རཱོ་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་བྱས་ཏེ་རྒྱལ་རབས་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཆེད་སྦྱོང་དང་། དེ་ནས་མུ་མཐུད་རྒྱལ་རབས་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་ཐོག་ཆེད་སྦྱོང་བྱས་ཏེ་བསླབ་པ་མཐར་སོན་བྱུང་ཡོད།
གསར་འགོད་པས། ཁྱེད་རང་གིས་རྒྱ་གར་རྒྱལ་ཡོངས་ནང་སློབ་སྦྱོང་ཐོག་གྲུབ་འབྲས་གཟེངས་སུ་ཐོན་ཏེ་གསེར་གྱི་རྟགས་མ་ཐོབ་མཁན་ཉུང་ཤོས་གྲས་ནས་གཅིག་རེད། གསེར་གྱི་རྟགས་མ་དེས་ཁྱེད་རང་ལ་ཚོར་སྣང་ག་རེ་སྤྲད་སོང་ངམ།
བསྟན་འཛིན་སྒྲོལ་མ། ངའི་ཕ་མ་གཉིས་ཀྱིས་གཙོས་བོད་པ་ཚོར་དགའ་སྦོབས་སྐྱེ་རུ་བཅུག་ཡོད་རེད་བསམ་གྱི་འདུག ང་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།
གསར་འགོད་པས། ཁྱེད་རང་གིས་རྒྱལ་རབས་སློབ་ཚན་ཅིའི་ཕྱིར་བདམས་པ་ཡིན་ནམ། ཁྱེད་རང་སློབ་ཚན་དེ་སྦྱོང་རྒྱུའི་སྤྲོ་སྣང་ཇི་ལྟར་སླེབས་སོང་ངམ།
བསྟན་འཛིན་སྒྲོལ་མ། ང་རང་ཆུང་བྱིས་པའི་དུས་ནས་རྒྱལ་རབས་ལོ་རྒྱུས་ལ་དགའ་པོ་ཡོད་པ་མ་ཟད། མཐའ་ན་ང་རང་སློབ་གྲྭར་ཡོད་པའི་སྐབས་ལའང་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་ཚན་ལ་ཉན་རྒྱུ་དགའ་པོ་ཡོད། ང་ཚོས་འདས་དོན་ལ་ཕྱིར་དྲན་བྱས་ཏེ་ད་ལྟའི་གནས་སྟངས་སྐོར་སྦྱོང་ཐུབ། ང་ཚོས་རྒྱལ་རབས་ལོ་རྒྱུས་ཐོག་ནས་ལུང་པ་ག་གེ་མོ་ཞིག་གི་ངོ་བོ་དང་། ཕྱུག་པོ་ཡོད་པའི་རིག་གཞུང་། ལེགས་བྱང་། ཤུལ་བཞག་རིག་གནས། རིགས་རྒྱུད་སོགས་ཀྱི་སྐོར་ལ་སྦྱོང་ཐུབ། རིམ་པས་ང་རང་ལོ་རྒྱུས་ཐོག་སྦྱོང་རྒྱུའི་འདོད་པ་ཤུགས་ཆེ་སླེབས་སོང་། དེར་བརྟེན་ངས་ལོ་རྒྱུས་ཀྱི་སློབ་ཚན་དེ་བདམས་པ་ཡིན།
གསར་འགོད་པས། ཁྱེད་རང་གིས་རང་ཉིད་ཀྱི་འཆར་ཅན་གྱི་སློབ་སྦྱོང་བྱེད་སྟངས་སྐོར་ང་ཚོར་བཤད་ན་འགྲིག་གི་ཡོད་དམ། ཁྱེད་རང་གིས་སོ་སོའི་སློབ་སྦྱོང་གི་གྲུབ་འབྲས་གཡང་རྩེར་སོན་པ་དེ་ག་རེ་རེད་དགོངས་ཀྱི་ཡོད་དམ།
བསྟན་འཛིན་སྒྲོལ་མ། ང་ལ་མཚོན་ན་སློབ་སྦྱོང་བྱེད་སྟངས་ཐད་ལ་དམིགས་བསལ་གྱི་འཆར་ཅན་གྱི་སྒྲིག་འཛུགས་གང་ཡང་མེད། འོན་ཀྱང་སློབ་སྦྱོང་བྱེད་པའི་སྐབས་སུ་དུས་ཚོད་ལ་དམ་འཛིན་གྱི་སྒོ་ནས་དོ་སྣང་དང་ཧུར་བརྩོན་བྱེད་ཀྱི་ཡོད། ངས་བསམས་ན་རང་ཉིད་ཀྱི་སློབ་སྦྱོང་གི་གྲུབ་འབྲས་གཡང་རྩེར་སོན་པ་དེ་དུས་ཚོད་དམ་འཛིན་དང་། དོ་སྣང་། བརྩོན་འགྲུས་བྱས་པར་བརྟེན་ནས་བྱུང་བ་རེད་སྙམ།
གསར་འགོད་པས། གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་སྤྲོད་སྟངས་དེ་སློབ་གྲྭ་དང་ཕྱོགས་གང་ཅིའི་ཐད་ནས་མ་འདྲ་བ་ཞིག་ཡོད་པ་རེད། སྒྲིག་འཛུགས་ཤིག་གི་འོག་ནས་ཕྱིས་སུ་ཁྱེད་རང་སློབ་སྦྱོང་བྱེད་ས་རང་དབང་གི་ཁོར་ཡུག་ཅིག་ལ་སླེབས་པ་རེད། ཁོར་ཡུག་དེ་ནས་རང་གི་འགན་ཁུར་ནས་སློབ་སྦྱོང་བྱེད་དགོས་དུས། རང་ཉིད་ཀྱིས་རང་ལ་ཇི་ལྟར་སྟངས་འཛིན་བྱས་པ་ཡིན་ནམ། ཁྱེད་རང་གིས་ད་ལྟ་མཐོ་སློབ་ཏུ་འགྲིམས་བཞིན་པའི་བོད་པའི་སློབ་ཕྲུག་ཚོར་བསླབ་བྱ་ག་རེ་གནང་འདོད་ཡོད་དམ།
བསྟན་འཛིན་སྒྲོལ་མ། སྔོན་མ་ང་རང་སློབ་གྲྭར་ཡོད་པ་ནང་བཞིན་མཐོ་སློབ་ཏུའང་དེ་ལྟར་མུ་མཐུད་ནས་་སློབ་སྦྱོང་ཕྱོགས་ལ་ཧུར་བརྩོན་བྱས་པ་ཡིན། དེ་དང་ཕྱོགས་མཚུངས་སློབ་སྦྱོང་ཐོག་དུས་ཚོད་མང་པོ་བཏང་བ་དང་། རང་ཉིད་ཀྱི་སློབ་ཚན་དང་འབྲེལ་བའི་དཔྱད་ཞིབ་ཀྱི་དེབ་མང་པོ་བལྟ་ཀློག་བྱས་པ་ཡིན། སློབ་སྦྱོང་བྱེད་དུས་དམིགས་ཡུལ་འཛིན་དགོས་པ་དང་། དེ་ནས་སེམས་མ་གཡེང་བར་དོ་སྣང་བྱེད་དགོས་པ། རང་གིས་རང་ལ་ཡིད་ཆེས་བྱ་དགོས། བོད་པ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་ག་རེ་སྦྱོང་གི་ཡོད་ནའང་དེའི་ཐོག་ཆེད་སྦྱོང་བྱེད་རྒྱུའི་འགན་འཕར་མ་ཞིག་ང་ཚོར་ཡོད་པ་རེད་སྙམ།
གསར་འགོད་པས། ཁྱེད་རང་གི་གྲུབ་འབྲས་གཡང་རྩེར་སོན་པ་དེས་བོད་པའི་སློབ་ཕྲུག་ཚོའི་རང་ཉིད་ཀྱི་སློབ་སྦྱོང་བྱེད་འདོད་ཡོད་པའི་སློབ་སྦྱོང་ཐོག་ཆེད་སྦྱོང་བྱེད་པར་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་པ་རེད། ཁྱེད་རང་གིས་ཁོང་ཚོར་བསླབ་བྱ་ག་རེ་གནང་འདོད་ཡོད་དམ།
བསྟན་འཛིན་སྒྲོལ་མ། ངས་རང་ཉིད་ནམ་ཡང་གཞན་ལས་ཁྱད་འཕགས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་མེད། མི་སུ་འདྲ་ཞིག་ཡིན་རུང་ངས་གྲུབ་འབྲས་བླངས་པ་ནང་བཞིན་ལེན་ཐུབ་ཀྱི་རེད། འོན་ཀྱང་སློབ་སྦྱོང་ཐོག་དུས་ཚོད་དམ་འཛིན་དང་ཧུར་བརྩོན་བྱ་རྒྱུ། དུས་ཚོད་མང་ཙམ་གཏོང་རྒྱུ། དེ་བཞིན་དུ་ཟུར་དུ་སློབ་སྦྱོང་གཞན་པ་ཐོག་ལའང་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད།
གསར་འགོད་པས། ཁྱེད་རང་གི་སློབ་སྦྱོང་དེ་གཞིར་བཞག་ཐོག་བོད་དོན་ལས་འགུལ་སྐོར་ཕྱག་ལས་ག་རེ་གནང་ཐུབ་ཀྱི་རེད་དགོངས་ཀྱི་འདུག་གམ
བསྟན་འཛིན་སྒྲོལ་མ། ད་ལྟ་ང་རང་སློབ་ཕྲུག་རེད། བོད་དོན་ལས་འགུལ་སྐོར་ལ་དམིགས་བསལ་བསམ་བློ་བཏང་མེད། ཡིན་ཡང་བོད་དང་འཛམ་གླིང་གི་ལོ་རྒྱུས་སྐོར་ལ་སྦྱོང་འདོད་ཡོད། དེ་གཉིས་སྦྱངས་ནས་བོད་པའི་ལོ་རྒྱུས་སྐོར་ལ་གོ་རྟོགས་སྤེལ་ཐུབ་པའི་རེ་བ་འདུག
གསར་འགོད་པས། ཁྱེད་རང་ལ་མ་འོངས་པར་དམིགས་ཡུལ་དང་འཆར་གཞི་ག་རེ་ཡོད་དམ།
བསྟན་འཛིན་སྒྲོལ་མ། ངས་མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་གང་ཐུབ་སྒྲུབ་རྒྱུའི་དམིགས་ཡུལ་ཡོད།