ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ངོ་གཅིག་ལྷག་གི་སྔོན་ལ་ཁྲིམས་འགལ་གྱིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ལ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ཏེ། ཟླ་སྔོན་མའི་ཟླ་འགོར་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ལོ་གསུམ་གྱི་བཙོན་ཐག་བཅད་འདུག
འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ད་ལྟ་རང་ལོ་ ༥༥ ཡིན་པའི་ཚེ་མགོན་རྒྱལ་ལགས་ལ་ལོ་གསུམ་གྱི་བཙོན་ཐག་བཅད་དེ། ཟི་ལིང་གྲོང་ཁྱེར་ཏུང་ཁྲོན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཐག་མ་བཅད་སྔོན་ལ་ཚེ་མགོན་རྒྱལ་ལགས་ཀྱི་ཕ་མ་གཉིས་ཁོང་ལ་ངོ་ཐུག་ཏུ་བཅུག་ཡོད་ཅིང་། དེ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ནང་ཁོང་འཛིན་བཟུང་བཀག་ཉར་བྱས་པའི་རྗེས་སུ། ཕ་མ་གཉིས་ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་པ་ཐེངས་དང་པོ་དེ་ཆགས་ཡོད།
ཚེ་མགོན་རྒྱལ་ལགས་འཛིན་བཟུང་བཀག་ཉར་བྱས་ཏེ་ཟླ་བ་བརྒྱད་ལྷག་གི་རྗེས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་བཤེར་བྱེད་རྒྱུ་ཡིན་རབས་བསྒྲགས་ཀྱང་། སྐབས་དེར་ཚེ་མགོན་རྒྱལ་ལགས་ཀྱི་ཕ་མ་དང་ཉེ་འབྲེལ་ཚོར་སྐད་མ་བཏང་བར་གསང་བའི་སྒོ་ནས་ཁོང་ལ་ཁྲིམས་བཤེར་བྱས་པ་མ་ཟད། ཁོང་ལ་ཁྲིམས་མཐུན་གྱི་ཁྲིམས་རྩོད་པའམ་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཐོབ་ཐང་གང་ཡང་སྤྲད་མེད། ཁོང་ལ་ཁྲིམས་ཐག་མ་གཅོད་བར་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་ཚོས་ཁོང་འཛིན་བཟུང་བྱས་ཏེ་རྐང་ཚ་རྫོང་སྤྱི་བདེ་བཀག་ཉར་ཁང་ཞིག་ཏུ་ཁྲིམས་འགལ་གྱིས་བཀག་བསྐྱིལ་བྱས་ཡོད་པ་རེད།
ཚེ་མགོན་རྒྱལ་ལགས་ཀྱིས་དེ་སྔོན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནམ་ཞར་མི་རིགས་མཐུན་སྒྲིལ་ཞེས་ཁ་གཡང་སྒྲོག་གིན་ཡོད་ནའང་། དོན་དངོས་སུ་རྒྱ་ནག་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་གནས་བབ་ཡར་རྒྱས་གཏོང་གི་མེད་པའི་དངོས་ཡོད་གནས་སྟངས་ལ་སྐྱོན་བརྗོད་ཀྱི་དཔྱད་རྩོམ་ཞིག་བྲིས་ཏེ། ཁོང་གི་སྐད་འཕྲིན་ནང་སྤེལ་བའི་རྐྱེན་གྱིས། རྒྱ་ནག་སྲིད་གཞུང་གིས་ཁོང་ལ་ལོ་གསུམ་གྱི་བཙོན་ཐག་བཅད་ཡོད་འདུག
རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་བོད་ནང་དུ་དྲག་གནོན་སྲིད་ཇུས་དང་ལས་འགུལ་སྣ་ཚོགས་ལག་བསྟར་བྱེད་བཞིན་པ་དེས། རྒྱ་ནག་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཞེས་པ་ཁ་རུ་ཁྱེར་ནས་གྲངས་ཉུང་མི་རིགས་གཞན་དག་ནང་བཞིན། བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་དབྱེ་འབྱེད་གཏོང་ཐབས་སླ་རུ་བཟོ་རྒྱུ་ནི་དམིགས་འབེན་གཙོ་བོར་བཟུང་ཡོད་པ་གསལ་བོར་བསྟན་ཡོད།
ཕྱི་ལོ་༢༠༡༧ ཟླ་༤ ནང་རྒྱལ་ཚོགས་ཀྱི་གང་བྱུང་བཀག་ཉར་ལས་དོན་ཚན་པའི་ཚོགས་ཆེན་ཐེངས་༧༨ པའི་སྟེང་། གང་བྱུང་བཀག་ཉར་ལས་དོན་ཚན་པས། རྒྱ་ནག་སྲིད་གཞུང་གིས་ཉེས་སྐྱོན་གྱི་བདེན་དཔང་གང་ཡང་མེད་པར་ཚེ་མགོན་རྒྱལ་གྱི་རང་དབང་བཙན་འཕྲོག་གིས་ཁོང་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་ལ། ཚན་པ་དེས་ད་དུང་རྒྱ་ནག་སྲིད་གཞུང་གིས་ཚེ་མགོན་རྒྱལ་གང་བྱུང་བཀག་ཉར་བྱས་པ་དེ་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་འབྲེལ་ཡོད་རྒྱལ་སྤྱིའི་ཁྲིམས་ཡིག་ཁག་ནང་གཏན་ལ་ཕབ་པའི་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཐོབ་ཐང་རྡོག་རོལ་བཏང་བ་མ་ཟད། རྒྱ་ནག་སྲིད་གཞུང་གིས་ཚེ་མགོན་རྒྱལ་གང་བྱུང་བཀག་ཉར་བྱས་པ་དེས། ཆོས་ལུགས་དང་ཆབ་སྲིད། སྐད་ཡིག་དང་དཔལ་འབྱོར་གྱི་གནས་བབ། དེ་བཞིན་སྤྱི་ཚོགས་སམ་མི་རིགས་དབྱེ་འབྱེད་ཀྱིས་རྒྱལ་སྤྱིའི་རྩ་ཁྲིམས་ཁག་རྡོག་རོལ་བཏང་ཡོད་པ་གསལ་བཤད་གནང་ཡོད།
ཕྱི་ལོ་༢༠༡༧ ཟླ་༢ ཚེས་༣ ཉིན་རྒྱལ་ཚོགས་ཀྱི་གང་བྱུང་བཀག་ཉར་ལས་དོན་ཚན་པ་དེས་རྒྱ་ནག་སྲིད་གཞུང་ལ་ཚེ་མགོན་རྒྱལ་གང་བྱུང་བཀག་ཉར་བྱས་པའི་སྐོར་ལ་སེམས་ཚབས་ཡོད་པ་གསལ་བཤད་གནང་ཡོད་ནའང་། དུས་བཅད་ཕྱི་ལོ་༢༠༡༧ ཟླ་༤ ཚེས་༥ ཉིན་རྒྱ་ནག་སྲིད་གཞུང་གིས་དེ་ལ་བརྡ་ལན་ཙམ་ཡང་སྤྲད་མེད་པ་མ་ཟད། ད་དུང་དུས་བཅད་ཕར་འགྱང་གིས་བརྡ་ལན་སྤྲོད་རྒྱུ་ཡིན་མིན་ཡང་གསལ་བཤད་བྱས་མེད་ཅིང་། ལས་དོན་ཚན་པ་དེས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པར་བརྟེན་ནས་སྐྱེ་བོ་སུ་ཞིག་བཀག་ཉར་བྱས་ཀྱང་། སྲིད་གཞུང་གིས་ཉེས་སྐྱོན་གྱི་གཞི་རྩའི་བདེན་དཔང་ངེས་ཅན་ཞིག་ར་སྤྲོད་བྱེད་དགོས་པའི་འགན་ཡོད་པ་གསལ་བཤད་གནང་ཡོད།
རྒྱ་ནག་སྲིད་གཞུང་གིས་ཚེ་མགོན་རྒྱལ་འཛིན་བཟུང་བཀག་ཉར་བྱས་ཏེ་གཟའ་འཁོར་གཉིས་ལྷག་གི་རྗེས་ཏེ། ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༢༤ ཉིན་མཚོ་བྱང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས་ཁོང་ལ་ཁ་བྲལ་ལ་ངན་སྐུལ་(煽动分裂国家罪) ཞེས་པའི་ནག་ཉེས་བཙུགས་ཡོད་པ་དང་། བཀག་ཉར་ཁང་དུ་ཁོང་གིས་ནག་ཉེས་འཛུགས་མཁན་འདྲི་གཅོད་པར་ཡ་ལན་མ་སྤྲད་པར་ངག་བཅད་ངོ་རྒོལ་གནང་ཡོད་ཅིང་། ངག་བཅད་ངོ་རྒོལ་གྱི་ཐོབ་ཐང་ལ་བརྟེན་ནས་ཚེ་མགོན་རྒྱལ་ལགས་ནས་རྒྱ་ནག་སྲིད་གཞུང་གིས་ཁོང་ལ་ཁྲིམས་མཐུན་སྲུང་སྐྱོབ་དང་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་ཁག་རྡོག་རོལ་བཏང་བར་ངོ་རྒོལ་གནང་ཡོད།
རྒྱ་ནག་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ནང་། ཉེས་འཛུགས་ལས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའམ་རང་ཉིད་ལ་ཉེས་པ་མེད་པ་གསལ་བཤད་བྱས་ཆོག་པའི་ཐོབ་ཐང་ཡོད་པ་འཁོད་ཅིང་། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དོན་ཚན་བཞི་བའི་ནང་། མི་སྒེར་ལ་ནག་ཉེས་བཙན་འགེལ་བྱེད་པའམ་བཙན་གྱིས་ཉེས་པ་ཁས་ལེན་དུ་འཇུག་པའི་ཐོབ་ཐང་མེད་པ་གསལ་བོར་འཁོད་ཡོད་པ་ལྟར། སྐྱེ་བོ་སུ་ཞིག་ཡིན་ནའང་། ཁྲིམས་འགལ་གྱིས་འཛིན་བཟུང་བཀག་ཉར་དང་། ནག་ཉེས་བཙན་འགེལ། སྡུག་སྦྱོང་མནར་གཅོད་ཐེབས་སྐབས། ཐོབ་ཐང་འདི་ཉིད་ཧ་ཅང་གལ་ཆེན་པོ་ཆགས་ཡོད། །