༄༅། ། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་༢༠༡༨ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་གནང་འདུག
དེ་ཡང་༢༠༡༨ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༩ ཉིན་ཚོགས་ཡོད་པ་དང་།
སྐབས་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དབུ་འབྱེད་མཛད་སྒོའི་ཐོག་བཅར་འདུག དེ་ཡང་ཁོང་གིས་སྐབས་དེར་མྱོང་ཚོར་དང་འབྲེལ་གསུང་དོན། ཕྱི་ལོ་ ༢༠༡༤ ལོར་ཨུ་རུ་སིའི་གྲོང་ཁྱེར་སོ་ཆི་རུ་ཚོགས་པའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་མཛད་སྒོའི་ཐོག་ང་མགྲོན་འབོད་གནང་བ་རེད། འོན་ཀྱང་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨོ་རྩེད་འགྲན་ཚོགས་ཀྱི་མཛད་སྒོའི་སྟེང་ཡོང་གི་ཡོད་སྟབས། ཨུ་རུ་སུ་གཞུང་གིས་ང་རང་ཨོ་རྩེད་འགྲན་ཚོགས་སུ་འགྲོ་མ་བཅུག་པ་རེད།
དེ་ནས་ལོ་ ༤ རྗེས་ཏེ་ལྷོ་ཀོ་རི་ཡ་གཞུང་གིས་ང་ལ་ ༢༠༡༨ ལོའི་དགུན་དུས་ཨོ་རྩེད་འགྲན་ཚོགས་ཀྱི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་མགྲོན་འབོད་གནང་བྱུང་། ང་རང་ལས་ཁུངས་ནས་ཁ་བྲལ་ཏེ་གནམ་གྲུ་ཐང་ལ་འགྲོ་སྐབས། དམིགས་བསལ་གྱི་སེམས་ལ་དགའ་ཚོར་གང་ཡང་སྐྱེས་མ་བྱུང་བ་མ་ཟད། མཐའ་ན་དེ་ནི་རྒྱང་ཐག་རིང་བའི་འགྲུལ་བཞུད་ཅིག་རེད་བསམས་པའི་འཚེར་སྣང་ལྟ་བུ་ཞིག་ཀྱང་བྱུང་།
འོན་ཀྱང་དངོས་སུ་ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་ཀྱི་ཐང་ཆེན་དུ་སླེབས་སྐབས་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། སྐབས་དེ་དུས་རང་དབང་གི་རྒྱལ་ཁབ་རྣམས་ཀྱི་རྒྱལ་དར་ལྷབ་ལྷབ་ཏུ་གཡུག་གི་ཡོད་པ་མཐོང་སྐབས་སེམས་ནང་སྐྱོ་སྣང་གི་ཚོར་བ་ཞིག་གི་ངང་བོད་ཀྱི་རྒྱལ་དར་མཐོང་རྒྱུ་མི་འདུག་ཨང་དྲན་ནས་ངས་སྔོན་ཚུད་གྲ་སྒྲིག་བྱས་ཟིན་པ་ལྟར་སྐབས་དེར་བོད་ཀྱི་རྒྱལ་དར་གཅིག་ལག་ཏུ་བཟུང་ནས་རྩེད་འགྲན་པ་ཚོར་དགའ་བསུའི་འབོད་སྒྲ་སྒྲོག་སྐབས་ངའི་འགྲམ་དུ་སུ་གང་ཡང་སླེབས་མ་སོང་བ་མ་ཟད། འཛིན་བཟུང་བྱེད་མཁན་ཡང་སུ་གཅིག་བྱུང་མ་སོང་།
ངས་ཨོ་རྩེད་མོར་ལྟ་བཞིན་སེམས་ནང་འདི་ལྟར་དྲན་བྱུང་། གལ་ཏེ་ཨོ་རྩེད་འགྲན་ཚོགས་འདི་ལྟ་བུ་ཞིག་བོད་ནང་དུ་འཚོགས་ཐུབ་ན་ཅི་མ་རུང་སྙམ་པའི་ཚོར་སྣང་བྱུང་། གང་ཡིན་ཞེ་ན། བོད་ནང་དུ་རི་བོ་དང་། གནམ་གཤིས་སོགས་ཕུན་སུམ་ཚོགས་པ་ཡོད་པ་རེད། གལ་སྲིད་བོད་ནང་དུ་འདི་ལྟ་བུའི་རྩེད་མོ་ཞིག་ཚོགས་ཐུབ་པ་ཡིན་ན། ཏན་ཏན་བོད་པའི་རྩེད་འགྲན་པ་ཚོས་གཟེངས་རྟགས་མང་པོ་ལེན་ཐུབ་ངེས་རེད། གང་ཡིན་ཞེ་ན། གཅིག་ནས་བོད་པ་རྣམས་ས་མཐོར་འཚོ་སྡོད་བྱེད་མཁན་ཡིན་ཞིང་གཉིས་ནས་ཁོང་ཚོས་ཟས་བཅུད་ལྡན་པའི་རྩམ་པ་ནི་རྒྱུན་གཏན་གྱི་འཚོ་བ་ཞིག་ཡིན། ཞེས་གསུངས།
ཡང་རིན་པོ་ཆེ་མཆོག་གིས་སྐབས་དེར་མྱོང་ཚོར་སྐོར་མུ་མཐུད་འགྲེལ་བརྗོད་གནང་དོན། ངས་བོད་ཀྱི་རྒྱལ་དར་ལག་ཏུ་འཛིན་མཁན་གཞན་ཡོད་མེད་ཕར་ཚུར་བལྟས་པ་ཡིན། སུ་གང་མི་འདུག གང་ལྟར་ངས་བོད་མི་མང་གི་ཚབ་བྱས་ནས་གཞིས་བྱེས་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུའི་འདོད་བློ་ཚིམས་པའི་གོ་སྐབས་ཤིག་ཐོབ་བྱུང་།
ངས་བོད་ཀྱི་རྒྱལ་དར་ལག་ཏུ་འཛིན་ནས་སྡོད་སྐབས་ལྟད་མོ་བ་ཁག་གཅིག་གིས་ངར་དོ་སྣང་བྱས་པ་མ་ཟད། རྒྱ་མི་ཁག་གཅིག་ནས་ཀྱང་ངའི་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་བ་མཐོང་ཡོད། འོན་ཀྱང་ཁོང་ཚོས་ང་ལ་མ་དགའ་བའི་རྣམ་འགྱུར་དེ་འདྲ་གང་ཡང་བསྟན་མ་སོང་། ལྟད་མོ་བ་ཁག་གཅིག་གིས་རྒྱལ་དར་དེ་རྒྱལ་ཁབ་གང་གི་ཡིན་མིན་འདྲི་སྐབས་ངས་སྤོབས་པ་ཆེན་པོའི་སྒོ་ནས་འདི་ནི་བོད་ཀྱི་རྒྱལ་དར་རེད། ཅེས་ཞུས་པ་ཡིན།