ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བར་མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་པ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་དུ་བབས་པར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འཚམས་འདྲིའི་འཕྲིན་ཡིག་ཅིག་འབུལ་གནང་འདུག་པའི་ནང་འཁོད་དོན།
༄༅། །མཚུངས་མེད་དགེ་བཤེས་དྲང་སྲོང་ཟླ་བ་དར་རྒྱས་མཆོག་གི་༸ཞབས་དྲུང་དུ།
ཆེད་ཞུ། སྔར་སྲོལ་ལྟར་རྟགས་སྒྲིལ་གྱི་ལམ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ། དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་སྟེ་སྐུ་ཉིད་མཆོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་བདམས་ཐོན་བྱུང་འདུག་པར། དགའ་གུས་ཟུང་དུ་འབྲེལ་བའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་ལས་འདས་པ་ཞུ་རྒྱུ་དང་། གང་ཉིད་གཡུང་དྲུང་བོན་བསྟན་གྱི་གསལ་བྱེད་དང་མགོན་དཔུང་དམ་པར་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ ལ།
ཕུལ།།