༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རི་གཞུང་གི་སློབ་ཡོན་ལས་འཆར་བརྒྱུད་ལོ་ལྟར་བཙན་བྱོལ་བོད་མི་ཁག་ཅིག་ལ་ཨ་རིར་སློབ་སྦྱོང་གི་གོ་སྐབས་ཐོབ་ཀྱི་ཡོད་པ་བཞིན་ ༢༠༡༧ ལོའི་སློབ་མ་རྣམས་ཉེ་ཆར་ཟླ་བ་ ༡ ཚེས་ ༡༠ ལྷག་དཀར་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་འཆར་འགན་འཛིན་དང་། བོད་ཀྱི་ཐེབས་རྩའི་ལས་འཆར་འབྲེལ་མཐུད་པའི་སྣེ་འཁྲིད་འོག་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་གཟིགས་སྐོར་ལ་ཕེབས་ཤིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ནས་ཁོང་རྣམས་ལ་སྣེ་ལེན་འཚམས་འདྲི་དང་འབྲེལ་སྐུ་ཚབ་དོན་གཅོད་ཁང་གི་ད་ཡོད་ལས་བྱེད་ངོ་སྤྲོད་དང་ལས་ཀའི་ངོ་བོ་དང་། ལས་འགན་གྱི་རྣམ་གྲངས། སྐུ་ཚབ་དོན་གཅོད་ཁང་གི་མ་འོངས་ལས་དོན་གྱི་ཁ་ཕྱོགས་བཅས་སྙིང་བསྡུས་འགྲེལ་བརྗོད་གནང་ཡོད།
སློབ་ཕྲུག་ཚོས་ཀྱང་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞུས་པ་དང་འབྲེལ་དྲི་བ་ཁག་གཅིག་ཞུས་པའི་ནང་། སྐུ་ཚབ་དོན་གཅོད་ཁང་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་དབར་གྱི་འབྲེལ་བའི་སྐོར་དང་། རྒྱ་རིགས་ལ་འབྲེལ་ལམ་བྱེད་ཕྱོགས། དེ་བཞིན་སློབ་ཕྲུག་གི་ལག་ཁྱེར་དུས་འགྱངས་བཅས་འདྲི་སྐབས་སྐུ་ཚབ་དོན་གཅོད་མཆོག་དང་། འབྲེལ་ཡོད་ལས་བྱེད་སོ་སོས་གསལ་བཤད་དང་འགྲེལ་བརྗོད་གནང་།
མཇུག་ཏུ་སྐུ་ཚབ་དོན་གཅོད་མཆོག་ནས་སློབ་ཕྲུག་ཚོས་ཨ་རིར་སློབ་སྦྱོང་གནང་རིང་རྒྱུན་དུ་སྐུ་ཚབ་དོན་གཅོད་ཁང་ལ་འབྲེལ་བ་འཇོག་རྒྱུ་དང་། དཀའ་ངལ་ཇི་ཡོད་དོན་གཅོད་ཁང་དང་། དེ་བཞིན་འབྲེལ་ཡོད་བོད་ཀྱི་ཐེབས་རྩར་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལས་གལ་ཆེ་བ་ནི་ཨ་རི་གཞུང་གི་སློབ་ཡོན་ལས་འཆར་མུ་མཐུད་རྒྱུན་གནས་ཐུབ་པ་དང་། མ་འོངས་པར་བོད་ཕྲུག་དེ་ལས་མང་བར་སློབ་སྦྱོང་གི་གོ་སྐབས་ཐོབ་ཐུབ་པའི་ཆེད་སློབ་སྦྱོང་ཚར་རྗེས་རང་རང་སོ་སོའི་ས་གནས་སུ་ཕྱིར་ལོག་གིས་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་གནང་རྒྱུ་སྐོར་གསུངས།
ཨ་རི་གཞུང་གི་སློབ་ཡོན་གྱི་ལས་གཞི་དེ་ནི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་ཀྱི་ཐེབས་རྩ་དང་། རྒྱ་གར་བྱང་ཕྱོགས་བཞུགས་སྒར་དརྨ་ཤཱ་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་གྱིས་ལག་བསྟར་གནང་བའི་ལས་འཆར་གལ་ཆེ་ཞིག་ཡིན། ལས་འཆར་དེ་ཐོག་མར་ཕྱི་ལོ་ ༡༩༨༨ ལོར་དབུ་འཛུགས་གནང་ཞིང་། ད་བར་ལོ་ངོ་ ༣༠ འགྲོ་མུས་ཡིན།
ལོ་ཡུན་དེའི་རིང་རྒྱ་གར་དང་། བལ་ཡུལ། འབྲུག་གསུམ་ནས་ཁྱོན་བསྡོམས་བཙན་བྱོལ་བོད་ཕྲུག་ ༤༤༤ ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད། ཕྱི་ལོ་ ༢༠༡༧ ལོའི་ལས་འཆར་གྱི་ཁོངས་སུ་རྒྱ་གར་དང་། བལ་ཡུལ་ནས་སློབ་ཕྲུག་དགུ་ཡོད་པ་དེ་དག་ཨ་རིའི་མངའ་སྡེ་འདྲ་མིན་གྱི་གཙུག་ལག་སློབ་ཆེན་ཁག་དྲུག་ནང་སློབ་སྦྱོང་གནང་བཞིན་ཡོད་པ་བཅས།།