ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་འབིར་བོད་ཚོགས་དང་། སྡེ་དགེ། ནང་ཆེན་ཅོན་ཏ་ར་བཅས་ཀྱི་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ རེས་གཟའ་ཉི་མ་ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཇ་ཡཱ་རཱམ་ཋ་ཀུར་མཆོག་འབིར་ཁུལ་གྱི་རྒྱ་གར་སློབ་གྲྭ་ཞིག་ཏུ་འཚམས་གཟིགས་ཐེངས་དང་པོ་ཕེབས་པ་དང་བསྟུན། འབིར་གཞིས་ཁག་གི་ས་གནས་འགོ་འཛིན་རྣམ་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཆེ་མཐོང་དང་གུས་ཞབས་མཚོན་སླད་བྱོན་པ་ལེགས་ཞེས་པའི་དགའ་བསུའི་འབོད་ཚིག་འཁོད་པའི་འཕྲེད་དར་གསར་བཟོས་ཀྱིས་གཞིས་ཆགས་ཉེ་འགྲམ་ཅོ་གྷན་ཞེས་པའི་གསུམ་མདོར་རྒྱལ་སྒོ་སྒྲེང་འཛུགས་ཀྱིས་གཞིས་ཁག་གསུམ་གྱི་མི་མང་བང་སྒྲིག་སྟེ་ལག་ཏུ་དཀར་གཙང་མཇལ་དར་དང་བཅས་འཚམས་འདྲིའི་དགའ་བསུ་ཞུ་སླད་ཉིན་རྒྱབ་ཆུ་ཚོད་ ༢ ནས་ངང་སྒུག་ཞུས་ཡོད་ཀྱང་། དུས་ཚོད་ཕར་འགྱངས་བྱུང་རྐྱེན་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་ཕེབས་འབྱོར་བྱུང་ཡོད།
སྤྱིར་སྤྱི་ཁྱབ་བློན་ཆེན་མཆོག་དུས་ཡུན་ཕྲན་བུ་ཞིག་གི་ནང་ས་གནས་མང་དག་ཅིག་ལ་ཕེབས་དགོས་ཡོད་ནའང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕེབས་བསུར་བཅར་བ་རྣམས་ལ་ཆེ་མཐོང་ཆེན་པོའི་ཐོག་ནས་མི་མང་རེ་རེའི་ལག་ནས་དགའ་སྤྲོ་ཆེན་པོས་མཇལ་དར་ལེན་གནང་བ་དང་། མི་མང་ངོས་ནས་ཀྱང་ཆེ་མཐོང་དང་གུས་ཞབས་ཆེན་པོའི་ངང་ཕེབས་བསུ་གཟབ་རྒྱས་ཐོག་དགའ་བསུའི་འཚམས་འདྲི་ཞུས་པར་སྤྱི་ཁྱབ་བློན་ཆེན་མཆོག་དང་། བཟའ་བཅའི་བློན་ཆེན་སྐུ་ཞབས་ཀི་ཤན་ཀཱ་པུར་མཆོག འཕྲོད་བསྟེན་བློན་ཆེན་སྐུ་ཞབས་བི་པིན་སིངྒ་པར་མར་མཆོག་བཅས་སོགས་ནས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དེས་འབིར་ཁུལ་གནས་སྡོད་བོད་མི་རྣམས་ལ་གཟིགས་ཚུལ་ལེགས་པོ་བྱུང་ཡོད་པ་མ་ཟད། མ་འོངས་པར་འབྲེལ་བ་དམ་ཟབ་གནས་ཐུབ་པའི་འབད་བརྩོན་གང་ཐུབ་ཞུས་ཡོད་པ་བཅས།།