ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་ཀྱིས་གཙོས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་རྡོ་རྗེ་གཅོད་པ་དང་། ལྷ་མོ་དབྱངས་ཅན་མ་དཀར་མོའི་རྗེས་གནང་གི་ཆོས་འབྲེལ་གནང་སྒོ་ཁག་མཇུག་ལེགས་པར་གྲུབ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྟེ་སྒྲུབ་ཞག་མཛད་པ་དང་། དེ་ནས་རྒྱ་རིགས་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འདིའི་གོང་ལ་པཱ་ལའི་སྐད་དང་ལེགས་སྦྱར་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་པ་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གྱི་ཡུལ་གྲུ་ཁག་འགའ་ཤས་ཀྱིས་རང་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་པ་སོགས་གྲུབ་པ་རེད།
རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་ཕལ་ཆེར་ཨེ་ཤ་ཡའི་ཡུལ་གྲུ་ཚང་མར་ཁྱབ་པ་ལྟ་བུ་རེད། དེ་སྔ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རབ་ལྟ་བུ་ལ་སངས་རྒྱས་ཀྱི་ཆོས་དར་མ་མྱོང་བ་རེད། དུས་རབས་ ༢༡ ནང་དང་དུས་རབས་ ༢༠ ནང་རིམ་བཞིན་ཨེ་ཤ་ཡའི་ཆོས་བརྒྱུད་ཁག་དང་འབྲེལ་བ་ཏོམ་ཙམ་ཤུགས་ཆེ་རུ་ཕྱིན་པ་དང་། ལྷག་པར་དེ་ནས་ཚུར་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་ཡིན་ནའང་འདྲ། དེ་ལྟ་བུས་རིམ་བཞིན་ཨེ་ཤ་ཡའི་ཆོས་བརྒྱུད་ཁག་ལ་དོ་སྣང་བྱས་ཏེ་ད་ལྟ་ཨ་རིའི་ལོ་སི་ཨན་ཇི་ལེ་སིའམ་སན་ཕ་རན་སི་ཁོ་གང་རུང་ཞིག་ལ་སིག་གི་ལྷ་ཁང་ཞིག་དང་། རྒྱ་གར་ནས་ཡོང་བའི་སིག་གི་བླ་མ་ཞིག་ཡོད་པ་རེད། ཨེ་ཤ་ཡའི་རྒྱ་གར་གྱི་ཆོས་བརྒྱུད་ལ་དོ་སྣང་ཡོང་བཞིན་ཡོད། དེ་བཞིན་སངས་རྒྱས་པའི་ཆོས་དང་ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད། ནཱ་ལེནྡྲའི་ཆོས་བརྒྱུད་ནང་དུ་རིག་པའི་སྒྲུབ་བྱེད་བཙལ་ནས་འགྲེལ་བཤད་རྒྱག་རྒྱུ་གཙོར་འདོན་བྱེད་ཀྱི་ཡོད་པས་ལྟ་གྲུབ་དེ་ལྟ་བུ་ལ་དོ་སྣང་གསར་བ་ཞིག་སླེབ་ཀྱི་ཡོད་པ་རེད།
ཚན་རིག་པའི་ནང་ནས་ཀྱང་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ལ་དོ་སྣང་ཡོང་མཁན་ཡོད་པ་རེད། དེ་ལྟ་བུའི་ཐོག་དེ་སྔ་སངས་རྒྱས་པའི་ཆོས་དར་མ་མྱོང་བའམ་སངས་རྒྱས་ཀྱི་བསྟན་པ་མ་ཁྱབ་པའི་ཡུལ་གྲུ་ལའང་དོ་སྣང་སླེབས་ཡོད། དེ་རིང་ཉིན་མ་མཐའ་མ་འདིར་ངོས་ཀྱི་ཆོས་གྲོགས་རེད། ཁོ་རང་ཚོས་ཨིན་སྐད་ཐོག་ནས་ཤེས་རབ་སྙིང་པོ་འདོན་རྒྱུ་ཞིག་གྲ་སྒྲིག་བྱས་འདུག གང་ལྟར་ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཁོང་ཚོ་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་གྱི་དགེ་ཕྲུག་གཞོན་ཤོས་དེ་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་བཅར་པའི་ནང་པའི་རྗེས་འབྲང་པ་ཁག་གཅིག་གིས་ཨིན་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱིས་རྒྱུན་དུ་བརྗོད་བཞིན་པ་དེ་རེད། ཆོས་ལུགས་ཚང་མ་ལོ་རྒྱུས་ཡོད་པ་ཤ་སྟག་རེད། མི་ཚང་མར་ཕན་གྱི་ཡོད་པར་བརྟེན་ངེས་པར་དུ་བརྩི་བཀུར་དང་གུས་ཞབས་བྱེད་དགོས། དད་པ་སོ་སོའི་ཆོས་ལ་བྱོས། གུས་པ་ཆོས་ལུགས་ཚང་མར་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལྷག་པར་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པའི་སྐབས་ལ་ང་ཚོའི་ཆོས་པ་ཚོ་ཐུགས་མཐུན་ཁྲིམས་གཙང་བྱེད་རྒྱུ་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཞིག་ཡོང་བ་ལ་ཆོས་ལུགས་མི་འདྲ་བ་དེ་དག་ཤེས་དགོས། ཆོས་གཅིག་མ་གཏོགས་གོ་མྱོང་ཐོས་མྱོང་མེད་པར་ཕྱིན་པ་ཡིན་ན་བསམ་བློ་གུ་དོགས་པོ་ཆགས་ཡོང་སྲིད་ཀྱི་རེད། ཆོས་བརྒྱད་འདྲ་མིན་དང་ལྷ་ཁང་འདྲ་མིན་ཡོད་པ་མཐོང་བ་དང་། དེ་ཡང་སྐུ་འདྲ་མི་འདྲ་བ་ཡོད་པ་གཅིག་པུ་མཐོང་བ་ཙམ་མ་ཡིན་པར་གསུང་མི་འདྲ་བ་ཡོད་པའི་ནང་དད་པ་དང་སྙིང་རྗེ་སྒོམ་དགོས་པ་ཆོས་ལུགས་ཚང་མས་གསུངས་ཀྱི་ཡོད། གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་རྒྱུ་མཚན་གསུང་སྟངས་མི་འདྲ་བ་ཡོད་པའི་གྲས་ཤེས་ན་གཅིག་གིས་གཅིག་ལ་ནང་ཚགས་ཆགས་ནས་གུས་བརྩི་སླེབ་ཀྱི་རེད།
ངོས་རང་ལ་ཆ་བཞག་ན་དེ་སྔ་བོད་ནང་ཡོད་དུས་ཡེ་ཤུའི་ཆོས་པ་དང་ཆོས་ལུགས་གཞན་པར་འབྲེལ་བ་གང་ཡང་མེད། རིམ་པས་རྒྱ་གར་ལ་སླེབས་ནས་ཡེ་ཤུ་ལ་ཆ་བཞག་ན་ཡེ་ཤུའི་གྲྭ་བ་ཐོ་མ་སི་མ་ཊིན་ཁོང་དངོས་གནས་ཧ་ལས་པ་ཞིག་ཡོད། ངེད་གཉིས་ཉིན་ཁ་ཤས་ལ་སྐད་ཆ་བཤད་པ་ཡིན། ཁོ་རང་གི་སྤྱོད་ལམ་དང་འགྲེལ་བཤད་བྱེད་པ་སོགས་ཡེ་ཤུ་ཆོས་པ་ཡག་པོ་ཞིག་ཡིན་ན་ཁོང་འདྲ་བོ་ཞིག་རེད་ཨང་བསམ་པ་ཁོང་ལྟ་བུ་མང་པོ་དང་ཐུག་པ་རེད། དངོས་གནས་གུས་པ་སྐྱེས་བྱུང་། དེ་ནང་བཞིན་ཁ་ཆེའི་ཆོས་པ་དང་ཇེའུ་ཆོས་པ་ལ་སོགས་པ་ཆོས་པ་མང་པོར་ངོས་རང་ཐུག་མྱོང་། སོ་སོའི་ཆོས་དེ་སེམས་པ་རྣམ་དག་གིས་བྱས་པ་ཡིན་ན་ཨ་མ་ཊི་རི་སི་ལྟ་བུ་རེད། གུས་པ་བྱེད་འོས་པ་ཞིག་རེད།
དེ་ནས་མི་འདྲ་བ་གཅིག་ལ་ངོས་ཀྱིས་ངོ་ཤེས་པའི་འཇར་མན་གྱི་ཡི་ཤུ་བླ་མ་ཞིག་ཡོད། ཁོང་གིས་ངོས་ལ་དེང་སང་ཡུ་རོབ་ནང་དུ་དེང་དུས་ཀྱི་ཚན་རིག་སོགས་ཀྱི་ཤེས་ཡོན་ཡོད་མཁན་ཚོར་དཀོན་མཆོག་འགྲེལ་བཤད་བྱེད་རྒྱུ་ཧ་ཅང་ཁག་པོ་འདུག སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་མིའི་བློ་ལ་འབབ་པོ་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་། སྤྱིར་ཁམས་དང་མོས་པ་མི་འདྲ་བ་ཡོང་གི་རེད། ང་ཚོ་བོད་རིགས་ནང་དུ་ཆ་བཞག་ནའང་ཕལ་ཆེར་ལོ་བཞི་བརྒྱ་ལྷག་ཅིག་གི་ནང་དུ་ཁ་ཆེའི་ཆོས་བྱེད་མཁན་གང་འཚམ་བྱུང་ཡོད། དུས་རབས་ ༢༠ ནང་ཡེ་ཤུ་ཆོས་བྱེད་མཁན་ཡང་བྱུང་ཡོད། དེང་སང་དུས་རབས་ ༢༡ ནང་དུ་དེ་སྔ་ནང་པའི་ཆོས་མ་དར་སའི་ལུང་པར་སོ་སོའི་ཕ་མེས་ཀྱི་ཆོས་དེ་རྒྱུ་མཚན་རྩད་གཅོད་བྱས་ན་ཆེན་པོ་བཤད་རྒྱུ་མེད་པར་ང་རང་ཚོས་ཀྱང་དཀོན་མཆོན་མཁྱེན་ཟེར་དུས་ཧ་ཅང་འདུམ་བདེ་བོ་ཡོད་པ་ལྟ་བུ་རེད། དེ་ལྟ་བུར་ཡིད་མ་ཚིམས་པར་རྩད་གཅོད་དང་བརྟག་དཔྱད་བྱེད་མཁན་ཚོར་སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་ནཱ་ལེནྡྲའི་མཁས་དབང་ཚོས་གསུངས་པའི་ལེགས་བཤད་དེ་དག་མཐོང་ཡོང་དུས་རྒྱུ་མཚན་གཅིག་ནས་གཉིས་སུ་བགྲངས་ནས་བཤད་རྒྱུ་ཡོད་པ་ཞིག་དང་། མཐར་མངོན་སུམ་མྱོང་བའམ་མཐོང་བ་མངོན་གྱུར་ལ་གཏུགས་ནས་བཤད་རྒྱུ་ཡོད་པ་ཞིག་ཆགས་ཡོད་པ་དེ་མི་འདྲ་བ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།