ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་བོད་རིགས་སོགས་ལ་མཇལ་ཁ་སྩལ་རྗེས་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་སྒྲུབ་ཞག་གྲུབ་མཚམས་བཀའ་སློབ་སྩལ་དོན། དེ་རིང་གདུལ་བྱའི་གཙོ་བོ་རྒྱུད་གྲྭ་སྨད་སྟོད་གཉིས་ཆགས་ཡོད། དེ་མིན་གྱི་དོན་གཉེར་ཅན་མང་པོ་ཞིག་འདིར་ཡོད་པ་རེད། དེ་རིང་འདིར་ཆོས་འབྲེལ་བྱ་རྒྱུ་ནི། བདེ་གསང་འཇིགས་གསུམ་ནང་གི་འཇིགས་བྱེད་རེད། འཇིགས་བྱེད་ལ་གཤེད་དམར་དང་འཇིགས་བྱེད་རོ་ལངས་བརྒྱད་སྐོར། འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔའ་བོ་གཅིག་པ་སོགས་རྣམ་གྲངས་འགའ་ཤས་ཡོད། དེ་རིང་འདིར་ཞུ་རྒྱུ་ནི་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྟ་གོན་རེད། གསར་མའི་ནང་དུ་རྡོ་རྗེ་འཇིགས་བྱེད་མི་འདྲ་བ་ཡོང་གི་ཡོད། རྙིང་མའི་ནང་དུ་སྒྲུབ་པ་བཀའ་བརྒྱུད་ཀྱི་གཤིན་རྗེའི་སྐོར་ཡོད། གང་ལྟར་གཤིན་རྗེ་དེ་འཇམ་པའི་དབྱངས་དྲག་ཏུ་ཁྲོས་པ་ཞེས་གསུངས་ཀྱི་ཡོད།
རྗེ་བཙུན་འཇམ་པའི་དབྱངས་ནི། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་ཁ་སང་ཞུས་པ་ལྟར། འཇིག་རྟེན་གསུམ་གྱི་མུན་པ་སེལ་བ་ཞེས་པ་ནི། ཕྱིའི་མུན་པ་བཤད་ཀྱི་མེད་པར་ནང་གི་མུན་པ་བཤད་ཀྱི་ཡོད་པ་རེད། ནང་གི་མུན་པ་སེལ་བའི་རྒྱལ་ཀུན་མཁྱེན་པའི་རང་གཟུགས་ཤེས་རབ་ཀྱི་ལྷ་ཐུན་མོང་མ་ཡིན་པ་ཞིག་རེད། སྔོན་གྱི་རྒྱ་གར་གྱི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷ་ལ་བསྟེན་པ་གནང་ཡོད། བོད་གངས་ཅན་གྱི་ལྗོངས་སུའང་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་མང་པོས་རྗེ་བཙུན་འཇམ་པའི་དབྱངས་ལྷག་པའི་ལྷ་ལ་བསྟེན་པའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པ་དེ་འདྲ་བྱུང་འདུག
སྐབས་སུ་བབ་པ་རྡོ་རྗེ་འཇིགས་བྱེད་འཇམ་དབྱངས་སྒྲུབ་པའི་སྒྲུབ་ཐབས་སྔགས་དང་མ་འབྲེལ་བར་འཇམ་དབྱངས་སྒྲུབ་རྒྱུ་ཕལ་ཆེར་ཡོད། ཡང་སྔགས་དང་འབྲེལ་ནས་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་བཅས་ཀྱི་རྒྱུད་སྡེ་སོ་སོའི་ཐོག་ནས་འཇམ་དབྱངས་སྒྲུབ་རྒྱུ་དེ་འདྲའང་ཡོད།
དགའ་ལྡན་ལྷ་བརྒྱ་མ་གསུངས་ཏེ་དམིགས་བརྩེ་མ་ཕྲེང་སྐོར་རེ་རེ་བསགས་པ་དང་། དམིགས་བརྩེ་མ་གསོག་པའི་སྐབས་སུ་ནམ་རྒྱུས་ངོས་ཀྱིས་འདི་ལྟར་བྱེད་ཀྱི་ཡོད། བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཤར་སྒོམ་ཞིག་བྱས། དེ་ནས་དེ་དང་འབྲེལ་ནས་དྲན་པ་ཉེར་བཞག་དང་བྱང་ཕྱོགས་སོ་བདུན་གྱི་དམིགས་སྐོར་ཡོད་ཙམ་བྱེད་བཞིན་ཡོད། གང་ལྟར་ཤར་སྒོམ་བྱེད་པ་ཞིག་རེད། དེའི་རྗེས་སུ་རྗེ་རིན་པོ་ཆེའི་ཐུགས་ཀར་འཇམ་པའི་དབྱངས་གསོལ་བ་བཏབ་ནས་ཉུང་མཐར་ཡང་གང་བློ་མ་ཚར་གསུམ་བཏོན་ནས་ཨ་ར་པ་ཙ་བགྲངས་བཞིན་ཡོད། ཅེས་སོགས་དགའ་ལྡན་ལྷ་བརྒྱ་མ་རེ་དང་དམིགས་བརྩེ་མ་ཕྲེང་སྐོར་རེ་ཆགས་མེད་བྱེད་དགོས།
སློབ་མའི་སྣོད་ཀྱི་གཙོ་བོ་ནི་དད་པ་དང་དམ་ཚིག་རེད། དེ་རིང་འདིར་འདུས་པ་ཚང་མར་དད་པ་མ་ཉམས་པ་ཡོད། དོན་དག་ཤེས་རུང་མ་ཤེས་རུང་༸རྒྱལ་བ་རིན་པོ་ཆེས་གསུངས་ཀྱི་འདུག་ཅེས་ཁྱོད་རང་ཚོས་སེམས་ལ་འཇོག་གི་ཡོད། དེ་འགྲིག་གི་འདུག ཁ་སང་ཞུས་པ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་སྐོར་ལ་སློབ་མ་མཚན་ཉིད་ཚང་དང་མ་ཚང་བལྟ་མི་དགོས་པར་གསུངས་པ་རེད། དེར་བརྟེན་འདིར་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་ཆེན་མོའི་དབང་གི་སྔོན་འགྲོ་སྟ་གོན་འདོན་རྒྱུ་རེད། ཆོ་ག་ནི་རྗེ་རིན་པོ་ཆེའི་གསུང་ནང་གི་བཅུ་གསུམ་མ་གསུམ་གྱི་སྒྲུབ་ཐབས་དབང་ཕྱོགས་རིན་པོ་ཆེའི་ཕྲེང་བ་ཞེས་པའི་ཐོག་ནས་ཞུ་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཆོ་ག་དབུ་འཛུགས་མཛད། །