ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་དང་། ཆེན་པོ་ཧོར་གྱི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ཐུན་མོང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བར་གྲྭ་བ་གྲངས་ ༡༠༠༠༠ དང་། བཙུན་མ་གྲངས་ ༣༣༠༠། དེ་བཞིན་རྒྱལ་ཁབ་ ༧༠ ནས་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ཁྲི་གསུམ་ཙམ་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་སྐབས་བོད་ཀྱི་ཟློས་གར་ཚོགས་པས་བསྟོད་དབྱངས་དང་འབྲེལ་ཕེབས་བསུ་ཞུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཝར་ཎ་དབུས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་གཅིག་གིས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ལེགས་སྦྱར་ལྷ་ཡི་སྐད་དུ་སྐྱབས་འགྲོའི་འདོན་དབྱངས་དང་བཅས་མཆོད་དབྱངས་ཕུལ་གྲུབ་མཚམས་རྒྱ་རིགས་སེར་སྐྱ་ཕོ་མོ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་བླ་མ་བཟོད་པ་རིན་པོ་ཆེ་མཆོག་བཅས་ནས་མཎྡལ་རྟེན་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། ཉེ་སྔོན་རྒྱ་གར་གྱི་སློབ་ཕྲུག་དང་ཡུལ་པ་ཚོ་གཙོ་བོར་དམིགས་ཏེ་ཆོས་འབྲེལ་ཧིན་སྐད་དུ་བསྒྱུར་བ་རེད། དེ་རིང་འདིར་གཙོ་བོ་སོག་རིགས་མང་པོ་སླེབས་ཡོད། དེ་བཞིན་དད་པས་འདུས་པའི་སེར་སྐྱ་མང་ཚོགས་ཐུན་མོང་ལ་ཞུ་རྒྱུ་བྱས་པ་དེ་ལྟར་རེད། འདིར་དད་པས་འདུས་པའི་དད་ཡུལ་དེ་སངས་རྒྱས་པའི་ཆོས་ཆགས་ཡོད། སངས་རྒྱས་པའི་ཆོས་ཉན་བཤད་ཇི་འདྲ་ཞིག་བྱས་པ་ཡིན་ནའང་། གཙོ་བོ་ཉན་བཤད་གནད་དུ་འཁེལ་བ་ཡོང་བར་ཀུན་སློང་རྣམ་པར་དག་པ་དགོས་ཀྱི་ཡོད། འཆད་པ་པོ་བླ་མའི་ངོས་ནས་ཡིན་ནའང་འཇིག་རྟེན་ཆོས་བརྒྱད་ངང་རང་གི་སྙན་གྲགས་འདོད་པ་ལྟ་བུ་དང་། འབུལ་བ་འདོད་པ་ལྟ་བུ་བྱས་པ་ཡིན་ན་བཤད་རྒྱུ་ཆོས་བཤད་ཀྱི་ཡོད་ཀྱང་དོན་ལ་སྡིག་པ་བསགས་ཀྱི་ཡོད། ལྷག་པར་ཆོས་འཚོང་མཁན་ཆགས་ན་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་རེད། སྔ་མོ་རྙིང་མའི་བླ་མ་ཞིག་ཡོད་པ་ཁོང་གིས་སྐུ་ཚེའི་རིང་ཤ་མི་ཟ་བ་དང་གཅིག བཞོན་པ་མི་ཞོན་པ་དང་གཉིས། ཆོས་མི་བཙོང་བ་དང་གསུམ་བཅས་དམ་བཅའ་གསུམ་བཞག་ཡོད། ཁོང་གི་རྣམ་ཐར་དེ་བཀླགས་ནས་ངོས་ཀྱི་སེམས་ལ་ཧ་ཅང་ཕན་སོང་། དེར་བརྟེན་བླ་མའི་ངོས་ནས་ཆོས་སེམས་པ་རྣམ་དག་བྱེད་ནས་འཆད་རྒྱུ་དང་། སློབ་མ་ཆོས་ཉན་མཁན་གྱི་ངོས་ནས་ཀྱང་གལ་ཏེ་དད་པ་མེད་པར་ཉམས་ཆོད་ལྟ་མཁན་ལྟ་བུ་ཡིན་ན་འགྲིག་པ་རེད།
སྤྱིར་ཆོས་གང་ཡིན་ནའང་ངོ་ལྐོག་བྱེད་དགོས་པ་ཡོད་པ་མ་རེད། ལྷག་པར་དུ་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་བཤད་སྐབས་ངོ་ལྐོག་བྱེད་དགོས་རྒྱུ་རྩ་བ་ཉིད་ནས་མེད། ཆོས་ལ་སྐྱོན་དུ་ལྟ་མཁན་ཚོ་ངེས་པར་དུ་ཡོང་བ་ཡིན་ན་དགའ་བསུ་ཡོད། ཧ་ཅང་གལ་ཆེན་པོ་རེད། ལོ་སྟོང་ཕྲག་གཉིས་ལྷག་རིང་ལ་སངས་རྒྱས་པའི་ཆོས་ལ་སྐྱོན་བརྗོད་བྱེད་མཁན་དང་འགག་པ་རྒྱག་མཁན་མི་རབས་མང་པོ་བྱུང་ཡོད། དེ་དང་མཉམ་དུ་དཔྱད་བསྡུར་རིམ་པ་བྱས་ནས་སྤྱིར་སངས་རྒྱས་པའི་ཆོས་དང་། ཡང་སྒོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ལྟར་ཕྱིན་པ་རེད། དེང་སང་ཆོས་ལ་དགག་པ་རྒྱག་མཁན་བྱུང་བ་ཡིན་ན་དགའ་བསུ་ཞུ་རྒྱུ་རེད། ཁྱོད་ཀྱིས་ཆོས་ལ་དགག་པ་རྒྱག་གི་ཡོད་པ་རེད། ཁྱོད་ལོག་ལྟ་ཅན་རེད། ཁྱོད་བསོད་ནམས་དམན་པ་རེད་ཅེས་པ་ལྟ་བུ་གང་ཡང་ཟེར་རྒྱུ་མེད། མི་གཅིག་མཚུངས་རེད། ཁམས་དང་མོས་པ་སྣ་ཚོགས་ཡོང་གི་རེད། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་སུ་མཚན་དང་དཔེ་བྱད་ཀྱིས་རྒྱན་པའི་མཆོག་གི་སྤྲུལ་སྐུའི་རྣམ་པ་བསྟན་པ་ལ་དགག་པ་རྒྱག་མཁན་ཡོད། དེང་སྐབས་དེ་བས་ཀྱང་ཡོང་གི་རེད། དེ་རིང་འདིར་སྐྱ་སེར་ཕོ་མོ་མང་ཆེ་བ་ཕལ་ཆེར་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་པ་ཡིན་པ་རེད། བོད་རིགས་གཙོ་བོར་གྱུར་པའི་རྒྱ་རིགས་ཚོར་ཆ་བཞག་ནའང་ཕ་མེས་ནས་ནང་པ་ཆགས་ཡོད། གོང་དུ་ཤེས་རབ་སྙིང་པོ་གསུངས་པ་དེ་ཁོ་རང་ཚོས་ཕོ་སྐད་མོ་སྐད་ལྟ་བུ་ཞིག་བརྒྱབ་ནས་འགྲིག་པོ་ཞིག་བྱུང་མ་སོང་མ་གཏོགས་ཤེས་རབ་སྙིང་པོ་ཧ་ཅང་ཡག་པོ་འདོན་གྱི་འདུག ཤེས་རབ་སྙིང་པོ་ང་ཚོ་ཚང་མར་རྒྱུས་ཡོད་རེད། ཤེས་རབ་སྙིང་པོའི་མཇུག་ཏུ་སྨོན་ལམ་ཤོ་ལོ་ཀ་གསུམ་ཡོད། དུག་གསུམ་ཉོན་མོངས་མེད་པར་གྱུར་ཅིག། དུག་གསུམ་ཉོན་མོངས་མེད་པར་འགྲོ་བ་དེ་ལ་ཤེས་རབ་ཀྱི་སྣང་བ་འབར་བའི་སྒོ་ནས་དུག་གསུམ་གྱི་ཉོན་མོངས་སེལ་བ་མ་གཏོགས་དད་པ་གཅིག་པུའི་ཐོག་ནས་སེལ་ཐབས་མེད་པ་ཡིན་པས་ཤེས་རབ་སྣང་བ་འབར་བ་ཤོག་ཅེས་གསུངས། དེ་ཡག་པོ་འདུག ཚིག་གཉིས་པོ་དེས་ཐེག་པ་ཆེ་ཆུང་ཚང་མའི་རྨང་གཞི་བཟུང་བ་རེད། དེ་ལྟ་བུའི་ཆོས་ཚུལ་ཉམས་སུ་ལེན་པར་ཕྱི་ནང་གི་བར་ཆད་དབང་དུ་མི་འགྲོ་བ་ཤོག དེའི་རྗེས་ལ་སྨོན་ལམ་བཞི་པ་དེར་བྱང་ཆུབ་སེམས་ཀྱི་ལམ་བཤད་ཀྱི་ཡིན་ཟེར་བ་ཞིག་ཡོད།
སྨོན་ལམ་འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཅེ་ན་ཕ་མེས་ནས་ཤེས་རབ་སྙིང་པོ་འདོན་མཁན་ཞིག་དང་། ཉོན་མོངས་ལ་སྐྱོན་དུ་བལྟས་ནས་དེའི་གཉེན་པོ་ཤེས་རབ་ཅེས་པ་ནི་ཀ་ཁ་ཤེས་པའི་ཤེས་རབ་ལྟ་བུ་ཞིག་མ་རེད། འདིར་ཤེས་རབ་ཅེས་པ་ནི་བདག་མེད་པའི་ལྟ་བ་དང་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལྟ་བའམ་ཤེས་རབ་ལ་ཟེར་གྱི་ཡོད། ཤེས་རབ་སྙིང་པོ་འདོན་གྱི་ཡོད་པས་བདག་མེད་ཀྱི་རྟེན་འབྱུང་དེ་ཁོ་ན་ཉིད་རེད་འདུག བྱང་ཆུབ་སྤྱོད་པ་འཇུག་པར་ཤོག ཅེས་བྱང་ཆུབ་སེམས་དཔའི་བསླབ་པ་སློབ་རྒྱུ་ཟེར་དུས་ཧ་ཅང་ཡག་པོ་འདུག གང་ལྟར་ཕ་མེས་ནས་སངས་རྒྱས་པའི་ཆོས་ལ་ཞུགས་མཁན་ཞིག་ཆགས་ཀྱི་ཡོད། རྒྱ་ནག་ནང་རིག་གནས་གསར་བརྗེའི་སྐབས་སུ་ཉམས་ཆག་ཤུགས་ཆེན་པོ་ཕྱིན་ནའང་། སངས་རྒྱས་པའི་ཆོས་ནི་མི་རབས་མང་པོ་ཕྱིན་པ་ཡིན་སྟབས། སེམས་ནང་གི་ཆོས་དད་ལ་དབང་ཡོད་བཤད་ནས་འགྱུར་བ་འགྲོ་རྒྱུ་རྩ་བ་ཉིད་ནས་མེད། དེར་བརྟེན་རྒྱ་ནག་ཏུ་ནང་པ་བྱེད་མཁན་ཧ་ཅང་མང་པོ་འདུག དེ་ཚོའི་གྲས་ཀྱིས་བོད་ཀྱི་ནང་པའི་ཆོས་དངོས་གནས་འགྲེལ་བཤད་རྒྱག་མཁན་དེ་ཚོའི་གྲས་ལ་ཧ་ཅང་ཡིད་ཆེས་བྱེད་ཀྱི་འདུག
དེ་རིང་འདིར་སོག་རིགས་ཡོད། ཁྱོད་རང་ཚོ་སོག་པོ་ལ་བསྟན་པ་སྔ་དར། བར་དར། ཕྱི་དར་ཞེས་གསུངས་རྒྱུ་འདུག སྔ་མོ་དར་ལམ་ Silk Road བརྒྱུད་རྒྱ་གར་ནས་རྒྱ་ནག་དུ་ནང་པ་འབྲེལ་བ་ཡོང་བའི་སྐབས་སུ་ཕལ་ཆེར་སོག་པོའི་ཡུལ་བརྒྱུད་ནས་འགྲོ་གི་རེད། དེ་བསྟན་པ་སྔ་དར་དང་། བར་དར་ཟེར་བ་ནི་ཕལ་ཆེར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ཡིན་འདུག དེ་ནས་བསྟན་པ་ཕྱི་དར་ཟེར་བ་ནི་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་བ་རེད། ཏཱ་ལའི་བླ་མ་ཞེས་པར་ཁྱེད་རང་ཚོ་སོག་པོ་ཚོས་ཏཱ་ལའི་བྷག་ཤུ་ཟེར་གྱི་འདུག སོག་པོའི་མིང་ཚིག་ཆགས་ཡོད། གང་ལྟར་དེ་ལ་བསྟན་པ་ཕྱི་དར་དུ་རྩི་བཞིན་ཡོད་པ་འདྲ།
ཕྱི་ལོ་ ༡༩༧༩ ལོར་ངོས་རང་སོག་ཡུལ་དུ་ཐེངས་དང་པོ་འགྲོ་དུས་སོག་པོ་བླ་རྒན་ཚོས་བོད་སྐད་ཤེས་ཀྱི་མ་རེད། ང་ཚོས་ཕར་ཚུར་འབྲེལ་བ་བྱེད་དགོས་བྱུང་ན་ཁོ་ཚོས་ཚུར་དབུ་ཅན་བྲིས་ནས་ངོས་ལ་སྟོན་གྱི་འདུག ངོས་ཀྱིས་ལན་དུ་དབུ་ཅན་བྲིས་ནས་སྟོན་གྱི་ཡོད། སྔར་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་རེད། ངོས་རང་སོག་ཡུལ་དུ་ཐེངས་དང་པོར་སླེབས་སྐབས་དམར་པོའི་རྒྱལ་ཁབ་རེད། ཆོས་ལ་རང་དབང་མེད། དམ་བསྒྲགས་ཕྲན་བུ་ཡོད། དགའ་ལྡན་དགོན་པའི་ལྕགས་རིའི་ནང་དུ་རང་དབང་ཡོད་པ་ལྟ་བུ་དང་། ལྕགས་རིའི་ཕྱི་རུ་རང་དབང་མེད་པ་ཞིག་རེད་འདུག དགའ་ལྡན་དགོན་པའི་ནང་དུ་བརྟན་བཞུགས་གསུངས་ནས་མཎྡལ་འདོན་སྐབས་སྐད་ཧ་ཅང་ཤུགས་ཆེན་པོ་བརྒྱབ་ནས་གདོང་པའང་དམར་པོ་ཆགས་ནས་མཎྡལ་འདོན་པ་དང་། མིག་ཆུ་མང་པོ་གཏོང་གི་འདུག ངོས་རང་སེམས་ཧ་ཅང་སྐྱོ་སོང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་འབྲེལ་བ་བྱུང་བ་རེད། དེར་བརྟེན་བླ་མ་དང་སློབ་མའི་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་རེད་འདུག ༸རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་པོ་ཞིག་གི་སྲས་སུ་འཁྲུངས་ནས་དེ་ལྟ་བུའི་ཐོག་ནས་ཀྱང་འབྲེལ་བ་ཡོད། དེ་བཞིན་༸གོང་ས་ལྔ་བའི་སྐབས་སུ་གུ་ཤྲིར་ཁཱང་དང་འབྲེལ་ནས་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད།
ཆེན་པོ་ཧོར་གྱི་ཡུལ་ཁག་ནས་མཁས་པ་བསམ་གྱིས་མི་ཁྱབ་པ་བྱུང་འདུག མཁས་པ་དེ་ཚོས་ལེགས་བཤད་བརྩམས་པ་ད་ལྟ་ཡིན་ནའང་ང་ཚོར་བལྟ་རྒྱུ་ཡོད། སོག་པོའི་མཁས་པ་མང་པོ་བྱུང་བ་རེད། ཆེན་པོ་ཧོར་གྱི་ཡུལ་དེ་བར་སྐབས་ཉམས་ཆག་ཆེན་པོ་ཕྱིན་པ་རེད། དགོན་པ་སྟོང་ཕྲག་ཁ་ཤས་གཏོར་བཤིག་སོང་བ་དང་། དགེ་འདུན་པ་ཕལ་ཆེར་འབུམ་ཕྲག་རྐྱེན་འདས་སོང་བ་སོགས་ཀྱི་དཀའ་ངལ་བྱུང་བ་རེད། འོན་ཀྱང་བར་སྐབས་རང་དབང་བསྐྱར་གསོ་བྱུང་བས་ཆེན་པོ་ཧོར་གྱི་ཡུལ་དུ་སངས་རྒྱས་པའི་བསྟན་པ་དར་རྒྱས་ཤུགས་ཆེན་པོ་ཆགས་ནས་འདིར་གྲྭ་ས་ལ་ཆ་བཞག་ན་བོད་སོག་གཉིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཡིན་སྟབས་སོག་པོའི་སློབ་གཉེར་བ་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད། ཁོ་ཚོས་སློབ་གཉེར་བརྒྱབ་ནས་བསྡད་ཡོད། ང་ཚོ་བཙན་བྱོལ་ལ་གནས་ནས་ཐབས་སྐྱོ་བོ་རེད་དེ་ལོ་རྒྱུས་ཀྱི་ཐོག་ནས་སོག་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད།
ངོས་རང་སྒེར་ལ་ཆ་བཞག་ན་མཚན་ཞབས་ཕྱག་དཔེ་ཡག་ཤོས་དེ་དངོས་གྲུབ་ཚོགས་གཉིས་རེད། ཁོང་སོག་པོ་རེད། ངོས་རང་སྒེར་གྱི་ངོས་ནས་དབུ་མའི་ལྟ་བའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་ཡོང་བ་དེ་ཁོང་གིས་རྐྱེན་བྱས་པ་རེད་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དེར་བརྟེན་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་རིང་འདིར་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་ནས་ཁྱོད་རང་ཚོ་སོག་རིགས་མང་པོ་ཞིག་འབྱོར་ཡོད། རིན་པོ་ཆེའི་མིང་དེ་ཁྱོད་རང་ཚོས་ཤེས་ཀྱི་ཡོད་དམ། བླ་མའི་དགེ་རྒན་རེད། སྔ་མོ་རྗེ་བཙུན་དམ་པ་སྐུ་ཕྲེང་ཞིག་གི་དགེ་རྒན་མིན་ནམ། མིང་ལའང་བླ་མའི་དགེ་རྒན་ཞེས་ཟེར་གྱི་ཡོད། རིན་པོ་ཆེ་གྲྭ་ས་ལ་བསྡད་ནས་ཕྱག་དཔེ་བལྟས་ནས་ཧ་ཅང་ཡག་པོ་འདུག དེ་རིང་འདིར་སོག་ཡུལ་ནས་ཡོང་བ་ཁ་ཤས་ང་ཚོ་ངོ་ཤེས་པ་རེད། ཧ་ཅང་ཡག་པོ་ཡིན།
སོག་པོ་ཚོས་དཔེ་ཆ་ཕྲན་བུ་ལྟ་དགོས་ཞེས་ན་ནིང་ངོས་རང་དགའ་ལྡན་དགོན་པར་སླེབས་དུས་འབོད་སྐུལ་ཞུས་པ་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བོད་སོག་ཅེས་ཐུན་མོང་མིན་པའི་འབྲེལ་བ་ཡོད་པའི་ཆོས་གྲོགས་ཁྱེད་རང་ཚོར་དེ་རིང་འདིར་མང་པོ་ཞིག་སླེབ་ཡོད། མ་གཞི་ནས་ངོས་ཀྱིས་གཤམ་ལ་འགྲེལ་བཤད་རྒྱག་ནས་ཤེས་རྒྱུ་རེད། སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་མིན་ཧི་མ་ལ་ཡའི་རི་རྒྱུད་ནས་ཁྱོད་རང་ཚོ་མང་པོ་ཞིག་སླེབ་ཡོད། གྲྭ་ས་ལའང་དཔེ་ཆ་བལྟས་ནས་ཧ་ཅང་ཡག་པོ་ཡིན། སྦག་ས་ཆོས་སྒར་ནས་གཞིས་ཆགས་ཁག་ལ་སྤོས་མ་ཐག་གྲྭ་རྒྱུན་ཉུང་ཉུང་དང་། བོད་ནས་ཡོང་མཁན་ཡང་དེ་དུས་མེད་པའི་སྐབས་སུ། ལ་དྭགས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་ནས་གྲྭ་རྒྱུན་ཡོང་བ་ཚོ་དངོས་གནས་བསྟན་པ་འཛིན་མཁན་ཧ་ཅང་ཕན་ཐོགས་པོ་དང་ཡག་པོ་བྱུང་། ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་འདིར་ཡོད་ཀྱི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕར་ཐུགས་རྗེ་ཆེ་ཞུས་པ་དང་མཉམ་དུ་ཁྱོད་རང་ཚོས་ཚུར་ཐུགས་རྗེ་ཆེ་ཟེར་དགོས་པ་ཞིག་ཀྱང་ཡོད། གང་ཡིན་ཟེར་ན་བོད་པ་བཙན་བྱོལ་བ་སླེབས་ནས་ཧི་མ་ལ་ཡའི་ས་ཁུལ་དེ་དག་ཡར་རྒྱས་ཕྱིན་ཡོད། བོད་པ་བཙན་བྱོལ་བ་མེད་ན་ཁྱོད་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཚོས་སོ་སོའི་ཆོ་ག་ཞིག་བཏོན་ནས་སྡོད་ཀྱི་རེད། དེར་བརྟེན་རྗེ་བཙུན་མི་ལས་གསུངས་པ་ལྟར། དྲིན་ཡང་ཕར་ཆེ་ཚུར་ཆེ་ཡིན། །ཚུར་དྲིན་ཆེན་པོ་རེད་ལ་ཕར་ཡང་དྲིན་ཆེན་པོ་ཆགས་བསྡད་ཡོད་པ་རེད། མཁྱེན་སོང་ངམ།
དེ་བཞིན་ཕྱི་རྒྱལ་མི་ཡང་མང་པོ་ཞིག་ཡོད། དེ་སྔ་ནང་པའི་ཆོས་བྱེད་མཁན་ཆགས་མེད། ཡུ་རོབ་དང་ཨ་རི་བ་ཚོ་ཡི་ཤུ་མ་ཤི་ཀའི་ཆོས་ལུགས་གཞི་ལ་བཞག་ཡོད་པ་ཞིག་རེད། དེ་ནས་ཁ་ཆེ་ཡོད་པ་རེད། དེར་བརྟེན་ནང་པ་དང་འབྲེལ་བ་མེད། འོན་ཀྱང་དུས་རབས་ ༢༠ ནང་དུ་འཛམ་གླིང་འདིར་འབྲེལ་བ་ཤུགས་ཆེ་རུ་ཕྱིན། ང་ཚོ་འདིར་བཙན་བྱོལ་ལ་སླེབས་ནས་ནུབ་ཕྱོགས་པའི་མི་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་སོགས་ལ་དོ་སྣང་བྱས་པ་དང་། བོད་པའི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་སོགས་ལ་ཤ་ཚ་དང་སེམས་ཁུར་ལེན་མཁན་མང་པོ་བྱུང་བ་རེད། དེ་ལྟ་བུའི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་བར་སྐབས་མང་དུ་འགྲོ་གི་འདུག ཁྱོད་རང་ཚོ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་མིན་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་སངས་རྒྱས་པའིི་ཆོས་ཀྱི་འགྲོ་སྟངས་ལ་ཡིད་སྨོན་སྐྱེས་ཏེ་དོ་སྣང་བྱེད་བཞིན་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཁྱོད་རང་ཚོ་སངས་རྒྱས་པའི་ཆོས་པ་གསར་པ་ཆགས་ཡོད། ང་ཚོ་ནི་ལོ་སྟོང་ཕྲག་ལྷག་གི་རིང་ལ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་དང་ཁྱོད་རང་ཚོ་མི་ཚེ་འདི་རང་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་སླེབས་པ་རེད། ཁྱོད་རང་ཚོ་ཚང་མར་དགའ་བསུ་ཞུ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཤད་ཁྲིད་མཛད་པ་དང་། དེ་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དབུ་འཛུགས་མཛད་ཡོད།
སྤྱིར་མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་དང་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
གཞན་ཡང་ཕྱི་ཚེས་ ༡༨ ནས་ ༢༡ བར་ཉིན་གྲངས་བཞིའི་རིང་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་དང་། བདེ་མཆོག་གི་དབང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག གསུང་ཆོས་རིང་རྒྱ་སྐད་དང་ཧིན་དྷིའི་སྐད། ཀོ་རུ་ཡའི་སྐད། ཝེ་ཏི་ནམ་གྱི་སྐད། རཱ་ཤི་ཡའི་སྐད་བཅས་སུ་གསུང་སྒྱུར་ཞུ་བཞིན་ཡོད་པ་བཅས།།