ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༩ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་མ་ཧ་རཤ་ཊ་མངའ་སྡེའི་གྲོང་ཁྱེར་པུ་ནེ་ནང་ཆིབས་ཞལ་སྒྱུར་འདུག
དེ་ཡང་མགོན་པོ་གང་ཉིད་མཆོག་གྲོང་ཁྱེར་པུ་ནེའི་ནང་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད། རྒྱལ་ཡོངས་དགེ་རྒན་ལྷན་ཚོགས་དེ་ནི་མ་ཧ་ར་ཤི་ཊ་ར་མངའ་སྡེའི་གཞུང་གི་རྒྱབ་སྐྱོར་གནང་བཞིན་པའི་ལས་རིམ་ཞིག་རེད་འདུག
ལྷན་ཚོགས་སུ་རྒྱ་གར་རྒྱལ་ཡོངས་ནས་སློབ་ཚན་སྡེ་ཁག་འདྲ་མིན་གྱི་དགེ་རྒན་མཐོ་འབྲིང་གྲངས་ ༨༠༠༠ ལྷག་དང་། ཕྱི་རྒྱལ་དུ་བཅའ་ཞུགས་རྒྱ་གར་དགེ་རྒན་ ༡༠༠༠ ཙམ་བཅས་ཁྱོན་དགེ་རྒན་དགུ་སྟོང་ལྷག་མཉམ་ཞུགས་གནང་རྒྱུ་རེད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱིར་གནས་མཆོག་རྡོ་རྗེ་གདན་དུ་ཚེས་ ༡༡ ཉིན་ཆིབས་སྒྱུར་གནང་རྒྱུ་རེད་འདུག །