ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༣ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་བཀའབློན་མཆོག་ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་སོག་པོ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་བརྟན་བཞུགས་བསྟར་འབུལ་དུ་ཆེད་བཅར་ཞུ་རྒྱུ་དང་། དེ་བཞིན་ཆོས་རིག་ལས་ཁུངས་ཀྱིས་འགན་འཁུར་འོག་བྷི་ཧར་མངའ་སྡེའི་ནང་དུ་གསར་བཞེངས་ལེགས་གྲུབ་བྱུང་བའི་མཆོད་རྟེན་གསུམ་དུ་གནས་གཟིགས་གནང་རྒྱུ་ཡིན་པ་བཅས། །