ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཤྲི་ལན་ཀའི་བདུན་རེའི་གསར་ཤོག་གྲགས་ཅན་ Irida Lankadeepa ཟེར་བའི་ནང་རེས་གཟའ་ཉི་མའི་འཆར་ཅན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་འདོན་སྤེལ་ཞུ་བཞིན་པ་དེ་བཞིན་མཚམས་འཇོག་བྱས་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༩ ཉིན་ནས་འགོ་འཛུགས་ཀྱིས་བདུན་ཕྲག་གསུམ་ལས་ཕྱིན་མེད་ཀྱང་ཤྲི་ལང་ཀའི་རྒྱལ་ས་ཀོ་ལོམ་བོར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་གནོན་ཤུགས་སྤྲད་འགོ་བཙུགས་ཏེ་ད་ཆ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོ་སྤྲོད་ཀྱི་ལས་རིམ་དེ་མཚམས་འཇོག་བྱེད་དགོས་བྱུང་འདུག
སྤྱིར་ཤྲི་ལན་ཀའི་སྐད་ཡིག་ནང་མཛད་རྣམ་ཕབ་སྒྱུར་ཞུ་མཁན་སྐུ་ཞབས་ Ruwan Harishchandra ལགས་ཡིན་པ་དང་། པར་སྐྲུན་ཞུ་མཁན་ཤྲི་ལན་ཀའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཡིན་ཞིང་། ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Damenda Porage ལགས་དང་། ཤྲི་ལན་ཀའི་སྐད་ཡིག་ Sinhalese ནང་༧སྐུའི་མཛད་རྣམ་ཕབ་སྒྱུར་ཞུ་མཁན་སྐུ་ཞབས་ Ruwan Harishchandra ལགས་རྣམ་གཉིས་ནས་གསར་ཁང་ལ་༧གོང་ས་མཆོག་གི་མཛད་རྣམ་བསྐྱར་དུ་འདོན་སྤེལ་གནང་རྒྱུའི་འབོད་སྐུལ་ཞུས་སྐབས། གསར་ཁང་གི་འབྲེལ་ཡོད་རྩོམ་སྒྲིག་པས་ཀོ་ལོམ་བོ་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་འོག་གསར་ཁང་གི་འགན་འཛིན་ལྷན་ཚོགས་ནས་དེ་ལྟར་ཐག་གཅོད་བྱས་ཡོད་པའི་ལན་འདེབས་གནང་འདུག
གནས་ཚུལ་དེའི་སྐོར་ཤྲི་ལན་ཀའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་བརྗོད་དོན་དུ། ཤྲི་ལན་ཀ་ནི་ནང་པའི་རྒྱལ་ཁབ་ཡིན་པར་བརྟེན། འདས་པའི་ལོ་གསུམ་ཙམ་ནས་ཤྲི་ལང་ཀ་དང་བོད་པའི་ནང་པ་གཉིས་དབར་མཛའ་གྲོགས་སྒྲིག་རྒྱུའི་ཐོག་ལ་དཀའ་ངལ་རིམ་པར་གདོང་ལེན་གྱིས་འབད་བརྩོན་བྱས་པའི་མཐར་ཉེ་ལམ་༧གོང་ས་མཆོག་གི་མཛད་རྣམ་གསར་ཤོག་ལམ་ནས་འདོན་སྤེལ་བྱས་ཐུབ་ཡོད་པ་ནི་ཤྲི་ལང་ཀའི་བོད་བརྒྱུད་ནང་བསྟན་ཚོགས་པར་མཚོན་ན། ཧ་ཅང་གི་དགའ་སྤོབས་སྐྱེས་གཞིར་གྱུར་ཡོད། འོན་ཀྱང་ད་ཆ་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་འོག་ལེ་ཚན་དེ་མཚམས་འཇོག་བྱས་པ་རེད། ད་ལན་ཙམ་དུ་མིན་པར་དེ་སྔ་ཡང་ང་ཚོས་ཤྲི་ལང་ཀའི་ནང་༧གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན་སོགས་ཀྱི་ལས་རིམ་གོ་སྒྲིག་ཞུས་སྐབས་སུའང་ས་གནས་རྒྱ་ནག་གཞུང་ཚབ་ལས་ཁུངས་དང་བློ་མཐུན་ཚོགས་པ་ཁག་ནས་དཀའ་ངལ་དེ་ལྟར་སྤྲད་མྱོང་ཡོད་གསུངས་འདུག
མུ་མཐུད་ཁོང་གིས་ཉེ་ལམ་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་འཕྲོད་བསྟེན་བཀའ་བློན་ཟུར་པ་ཇོ་དཔལ་དཔལ་འབྱོར་ཚེ་རིང་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་དངོས་པོ་ཀུན་གྱི་རང་བཞིན་ཞེས་པའི་དེབ་ཤྲི་ལང་ཀའི་སྐད་ནང་ཕབ་སྒྱུར་ཞུས་པ་ཞིག་ཡུལ་དེའི་གཙུག་ལག་སློབ་ཁང་ཞིག་ཏུ་དབུ་འབྱེད་གནང་སྐབས་སུ་ཤྲི་ལང་ཀའི་བདེ་སྲུང་ལྷན་ཁང་དུ་ཞུ་གཏུག་བྱས་པར་བརྟེན་ང་ཚོར་ཞིབ་བཤེར་བྱས་པ་རེད་ཅེས་གསུངས་འདུག །