ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༥ རེས་གཟའ་པ་སངས།
༄༅། །རྒྱ་ནག་གཞུང་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱས་ཀྱང་ཁྲིམས་ཐག་གང་ཡང་བཅད་མེད།
དེ་ཡང་བཀྲ་ཤིས་དབང་ཕྱུག་ལགས་ནི། བོད་མདོ་ཁམས་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་སླད་ཕྱག་ལས་གནང་མཁན་ཞིག་ཡིན་པ་མ་ཟད། ས་གནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་གཏོང་བཞིན་པའི་ཐད་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་འབོད་སྐུལ་དང་། དྲ་རྒྱའི་སྟེང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་བསམ་ཚུལ་དང་རྩོམ་ཡིག་སྤེལ་བ། དེ་བཞིན་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་ཉམས་རྒུད་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གསུངས་པ་བཅས་ལ་བརྟེན་ནས། ས་གནས་རྒྱ་གཞུང་གིས་ཁོང་ལ་ ༼རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་ངན་སྐུལ།༽ བྱས་པའི་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་གཉིས་རིང་བཀག་ཉར་བྱས་པ་དང་། ཁ་སང་ཕྱི་ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་ཡུ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཆུ་ཚོད་བཞིའི་རིང་ཁྲིམས་བཤེར་བྱས་ཡོད་པ་དང་། སྐབས་དེར་དཔང་རྟགས་ཀྱི་ཚུལ་དུ་དེ་སྔ་ New York Times གསར་ཁང་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་མི་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་གསུངས་པའི་བཅར་འདྲིའི་བརྙན་ཐུང་དེ་བསྟན་ཡོད་པ་རེད་འདུག འོན་ཀྱང་དུས་ཡུན་ཆུ་ཚོད་བཞི་ཙམ་གྱི་རིང་ཁྲིམས་བཤེར་བྱས་ཀྱང་དངོས་སུ་ཁྲིམས་ཐག་གང་ཡང་བཅད་མེད་སྐོར་ཁོང་གི་ཁྲིམས་རྩོད་པ་ ལིང་ཞའོ་ཇུན་ Liang Xiaojun ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་འདུག
ཕྱི་ཚེས་ ༤ ཉིན་ཁྲིམས་བཤེར་སྐབས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནང་མི་སྤུན་མཆེད་དང་རྒྱབ་སྐྱོར་བ་སོགས་ཡུལ་ཤུལ་ལ་ཆེད་མངགས་སླེབ་ནས་ཁྲིམས་ཁང་གི་ཕྱི་རོལ་དུ་ངང་སྒུག་བྱས་ནས་བསྡད་འདུག རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ལོར་བཙོན་བཅུག་བྱས་པ་ནས་བཟུང་། བོད་མིའི་སྒྲིག་འཛུགས་དང་། ཕྱི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་། གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་ཡོག་བྱས་པ་དེ་མཚམས་བཞག་ནས་མགྱོགས་མྱུར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།