༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ།
****ཤར་ཙོང་བསྟན་འཛིན་བདེ་ལྡན་གྱིས། ***
༄༅། །རྒྱ་དམར་གྱི་རྒྱལ་ཁབ་རིམ་པའི་གསར་འགྱུར་དྲ་རྒྱ་གཙོ་བོ་ཆེ་ཁག་བཅུ་བཞིའི་ནང་གསེས་གཅིག་ཡིན་པའི“ཀྲུང་གོའི་བོད་ཀྱི་དྲ་བ”ཞེས་པ་ཕྱི་ལོ་ ༢༠༠༠ ལོར་གསར་དུ་བཙུགས་པ་ནས་བཟུང་། རྒྱ་ཡིག་དང་། བོད་ཡིག ཨིན་ཡིག འཇར་མན་ཡི་གེ ཧྥ་རན་སི་ཡི་གེ་སོགས་ཡིག་རིགས་མང་པོ་དང་། དེ་བཞིན་སྒྲ་བརྙན་བཅས་ཀྱི་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཕྱི་ཕྱོགས་ལྡོག་ཕྱོགས་ཁྱབ་བསྒྲགས་བྱས། དེའི་དམིགས་ཡུལ་ནི་ཆེད་མངགས་ཀྱིས༸གོང་ས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་ལ་དམའ་འབེབས་སྐུར་འདེབས་བྱེད་རྒྱུ་ ཡིན་པ་ཧ་ཅང་གསལ་པོ་རེད། དྲ་རྒྱ་དེའི་སྟེང་ཉིན་ལྟར་ཁ་རྡུང་དྲག་པོ་གཏོང་བ་དང་རྩོམ་ཡིག་དག་སྤེལ་གྱི་ཡོད་པ་དང་། དེ་ཚོའི་ནང་དོན་བཀླགས་རྗེས་ཕལ་ཆེ་བ་གཏམ་རྙིང་བསྐྱར་གླེང་དང་། རྐང་བཙུགས་ནས་སྐུར་བ་འདེབས་པ། ཐ་ན་ཁུངས་མེད་རྫུན་བཟོའི་ཐོག་༸གོང་ས་ཏཱ་ལའི་བླ་མ་ལ་ངན་སྨྲ་བྱས་པ་ཁོ་ན་རེད། བལྟས་ཚོད་ལ “ཀྲུང་གོའི་བོད་ཀྱི་དྲ་བ”ཞེས་པའི་གཞུང་ཕྱོགས་དྲ་རྒྱ་གལ་ཆེན་འདི་ཧ་ལམ་ཁ་གྲགས་ཚད་ཚིག་ངན་གྱིས་ཁེངས་ཤིང་ངན་སྨྲ་མཚམས་མི་འཇོག་པའི་རྒྱ་དམར་གྱི་དཔོན་རིགས་ཀྲུའུ་ཝེ་ཆུན་དང་ཀྲང་ཆིང་ལིས་སོགས་དཔེ་མཚོན་ཅན་གྱི”མེ་སྒྱོགས”འདི་ཚོར་མཁོ་འདོན་བྱས་པའི་སྒྱོགས་སྟེགས་དང་གཉིས་སུ་མ་མཆིས། དང་ཐོག་ད་དུང་མཐུན་འགྲིག་བྱེད་གཞི་ཡོད་པའི་རྒྱ་བོད་གནད་དོན་དེ། དེ་མ་ཐག་གནས་བབ་ཛ་དྲག་གི་ཁེངས་ཤིང་ཕམ་ཉེས་ཕྱིན་ཏེ་འུབས་སུ་མི་འདུས་པ་དང་། མི་རིགས་ཀྱི་འགལ་ཟླ་ཡང་དེ་ལ་བརྟེན་ནས་སྔར་ལས་རྣོ་ངར་ཆེ་བ་གྱུར་ཞིང་། བོད་རྒྱ་དབར་གྱི་འཁོན་འགྲས་དང་གོ་ནོར་ཉིན་རེ་བཞིན་སྡུག་ཏུ་ཕྱིན།
དོན་དངོས་ཐོག རྒྱ་དམར་གཞུང་ཕྱོགས་ཀྱིས༸གོང་ས་ཏཱ་ལའི་བླ་མར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་པ་ནི་ཅང་ཙེ་མིན་གྱིས་སྲིད་བསྐྱངས་པའི་སྐབས་ནས་བཟུང་འགོ་ཚུགས་པ་ཞིག་རེད། སྔོན་སྤྱི་ལོ་ ༡༩༩༥ ལོར། ༸གོང་ས་ཏཱ་ལའི་བླ་མས་ཁོང་ལ་ཡོད་དགོས་པ་དང་། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ཁྲིམས་མཐུན་གོ་གནས་དང་། དེ་བཞིན་ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ། བོད་བརྒྱུད་ནང་བསྟན་ཆོ་ག་བཅས་ཀྱི་ཐོག ལོ་ན་ ༦ ལ་སོན་པའི་བོད་རིགས་བྱིས་པ་ཞིག་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཡིན་པར་ངོས་འཛིན་གནང་། འོན་ཀྱང་བྱིས་པ་དེ་འཕྲལ་མར་རྒྱ་དམར་དབང་འཛིན་པའི་བཙན་ཁྲིད་བྱས་ཤིང་། དེ་ནས་བཟུང་གར་སོང་ཆ་མེད་དུ་གྱུར། དུས་མི་རིང་བར་རྒྱ་དམར་གྱིས་བོད་རིགས་བྱིས་པ་གཞན་ཞིག་བཀོད་སྒྲིག་བྱས་ཏེ་པཎ་ཆེན་བླ་མའི་རྗེས་འཛིན་བྱེད་དུ་བཅུག དེ་ནས་བཟུང་རྒྱ་དམར་གྱི་ངོ་གདོང་ལ་རྦད་དེ་འགྱུར་བ་ཐེབས་ཏེ༸གོང་ས་ཏཱ་ལའི་བླ་མར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་པའི་འགོ་བརྩམས་ཤིང་། མ་ཟད་སྐྱོན་བརྗོད་ཇི་ཙམ་བྱས་པ་དེ་ཙམ་གྱིས་གཏམ་དྲག་ཅིང་རྣོ་ངར་ཆེ་རུ་བཏང་། ཚང་མས་མཁྱེན་གསལ་ལ། ཅང་ཙེ་མིན་ནི་ཉེས་ཅན་ཚབས་ཆེན་དང་གུ་ཡངས་གཏོང་ཐབས་གཏན་ནས་མེད་པའི་ཆབ་སྲིད་གཡོ་ཁྲམ་ཅན་ཞིག་ཡིན་ཞིང་། མི་གཤིས་རྩ་བ་ནས་མེད་ཅིང་བྱ་ངན་མ་བྱས་པ་མེད་པའི་མི་ངན་ཞིག་རེད། དེ་ཡང་ཨོ་སི་ཊི་རི་ཡའི་རྒྱལ་ཁབ་གསར་ཁང་། <<ཚད་ལྡན་ཚགས་པར་>>(Der Standard)གྱིས་གནས་ཚུལ་སྤེལ་དོན། “ཅང་ཙེ་མིན་དང་ཀྲོའུ་ཡུང་ཁང་། པའོ་ཤིས་ལེས་སོགས་ཀྱིས་ཐུན་མོང་ཐོག་ཧྥ་ལུན་ཀུང་ངམ་ཆོས་འཁོར་རྩ་རླུང་གི་རྗེས་འབྲང་བ་(法輪功 )དང་དྲང་བདེན་སྲུང་སྐྱོང་ཆེད་བཙོན་དུ་ཚུད་པ་བཅས་ལ་གསོན་པོར་དབང་པོ་འགོག་ལེན་བྱས་ཏེ་སྤོ་འཛུགས་ཀྱི་རྒྱུད་རིམ་ལག་ལེན་དང་ཁེ་ཕན་ནང་མཉམ་ཞུགས་བྱེད་མཁན་གྱི་འགོ་གཙོ་རེད།” ཅེས་གནས་ཚུལ་སྤེལ། རྒྱ་ནག་དམངས་ཁྲོད་དུའང་སྔ་ས་ནས་ཅང་ཙེ་མིན་གྱི་”མཚོན་བྱེད་གསུམ”ལ་ཟུར་ཟ་བྱེད་པའི་ཁ་རྒྱུན་སྙན་ཚིག་ཡོད་པ་སྟེ། “མའོ་ཙེ་ཏུང་ནི་བཟོ་ཞིང་སྤྲང་གསུམ་མཚོན། ཏེང་ཞའོ་ཕིང་ནི་ས་བདག་ཕྱུག་པོ་དང་ངོ་ལོག་མི་ངན་མཚོན། ཅང་ཙེ་མིན་ནི་ལྐོག་ཟ་རུལ་སུངས་མཚོན།” ཞེས་ཅང་ཙེ་མིན་སྲིད་སྟེགས་ཐོག་སླེབས་པའི་ལོ་བཅུ་ལྷག་དེས་རྒྱ་ནག་གི་ཤུལ་འཛིན་འགོ་ཁྲིད་ལ་དཔོན་རར་སྔར་བྱུང་མ་མྱོང་པའི་རུལ་སུངས་དང་སྤྱི་ཚོགས་དབུལ་ཕྱུག་ཧེ་བག་ཆེ་བའི་གཞི་གདན་གོག་ཧྲུལ་ཞིག་བཞག་པ་མ་ཟད། མི་རིགས་ཀྱི་གནད་དོན་རེག་པ་ཙམ་གྱིས་འབར་བ་ལྟ་བུའི་ཉེན་ཁའི་གནས་སུ་བསྐྱལ་ཡོད། འདི་ལྟར་རྗོད་ཆོག་སྟེ། དེ་རིང་རྒྱ་ནག་གི་དཔོན་རའི་རུལ་སུངས་དང་ཀྲུང་གོའི་མི་རིགས་ཀྱི་གནད་དོན་ཛ་དྲག་ཏུ་གྱུར་བའི་རྩ་བ། ཚད་ངེས་ཅན་ཞིག་གི་ཐོག་བཤད་ན། ཅང་ཙེ་མིན་ནས་བཟོས་པའི་མཇུག་འབྲས་ཤིག་རེད།
ཡིན་ནའང་ཞིས་ཅིན་ཕིང་གིས་སྲིད་བསྐྱངས་པ་ནས་བཟུང་། གནས་བབ་ལ་འགྱུར་ལྡོག་གསར་པ་ཐོན་ཞིང་། འདི་གཅིག་བྱས་ན་ཁོ་ཚོའི”དུས་སྐབས་གསར་པ། བསམ་བློ་གསར་པ”ཞེས་པ་ཡིན་སྲིད། གང་ལྟར་རྒྱ་དམར་དབང་འཛིན་པས༸གོང་ས་ཏཱ་ལའི་བླ་མར་དོན་མེད་སྐྱོན་འཛུགས་དང་དམའ་འབེབས་བྱེད་པ་དེ་སྟོན་མཇུག་འབུ་སྲིན་གྱི་སྐད་ལྟར་རིམ་གྱིས་ཡལ་བར་གྱུར། “ཀྲུང་གོའི་བོད་ཀྱི་དྲ་བས”༸གོང་ས་མཆོག་ལ་དམའ་འབེབས་སྐུར་འདེབས་བྱེད་པའི་སྐད་སྒྲ་ན་ནིང་ནས་བཟུང་ཐོལ་གྱིས་ཆད་པ་རེད། རྒྱ་དམར་གྱིས་ཏཱ་ལའི་བླ་མར་ལོ་ངོ་ཉི་ཤུ་ལྷག་ལ་སྡིག་དམོད་བྱས་པའི་རྗེས། ད་ལྟ་གློ་བུར་དུ་སྡིག་སྐད་མཚམས་བཞག་ན། རང་ཉིད་ཀྱི་དབང་པོར་ཡང་ཡིད་མི་ཆེས་པ་ཞིག་འདུག འོན་ཀྱང་འདི་ནི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད། དེ་ལྟར་ན་རྒྱ་དམར་གྱིས་༸གོང་ས་ཏཱ་ལའི་བླ་མ་ལ་སྐུར་འདེབས་བྱེད་མཚམས་བཞག་པ་འདི། དབང་འཛིན་པའི་ངོས་ནས་བོད་ཀྱི་སྲིད་ཇུས་ལ་བསམ་གཞིགས་དང་། ཡང་ན་ཏཱ་ལའི་བླ་མ་དང་བོད་མི་དམངས་ལ་བཟང་ཕྱོགས་ཀྱི་བརྡ་རྟགས་ཤིག་བསྟན་པ་ཡིན་ནམ། དེ་ལྟར་ཡིན་པར་སྨོན། ཉེ་ཆར༸གོང་ས་ཏཱ་ལའི་བླ་མས་བྷེང་ལོར་གྲོང་ཁྱེར་དུ་བོད་མི་ན་གཞོན་དང་ཐུག་འཕྲད་གནང་སྐབས། “དེང་སང་རྒྱ་ནག་མཐོ་རིམ་དཔོན་རིགས་གང་མང་གིས་སྔོན་ཆད་བོད་ཀྱི་སྲིད་ཇུས་ཐད་རང་ནོངས་བསམ་གཞིགས་དང་། མུ་མཐུད་དེ་ཏཱ་ལའི་བླ་མར་ངན་སྨྲ་བྱེད་པ་ནི་ཁེ་ཕན་གང་ཡང་མེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་བཟོ་འདུག” ཅེས་གསུངས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རིམ་པ་ཁག་ཏུའང་། ཞིས་ཅིན་ཕིང་གིས་སྲིད་བསྐྱངས་པའི་རྗེས་རྒྱ་དམར་དབང་འཛིན་པའི་ངོས་ནས་རིམ་པས༸གོང་ས་མཆོག་ལ་སྐུར་འདེབས་བྱེད་མཚམས་བཞག་ཅིང་། འདི་ནི་ཏག་ཏག༸གོང་ས་ཏཱ་ལའི་བླ་མ་དང་བོད་མི་དམངས་ལ་བཟང་ཕྱོགས་ཀྱི་བརྡ་རྟགས་བསྟན་པར་ངོས་འཛིན་བྱེད་མཁན་ཡོད།
འོན་ཀྱང་། ཕྲན་ལ་ད་དུང་བསམ་ཚུལ་འགའ་ཡོད། སྔོན་ཆད་ཅང་ཙེ་མིན་གཙོས་པའི་ཀྲང་ཆིང་ལིས་དང། ཀྲུའུ་ཝེ་ཆུན་སོགས་ཀྱིས་ཏཱ་ལའི་བླ་མར་སྐུར་འདེབས་བྱས་པ་དང་། ད་ལྟ་ཞིས་ཅིན་ཕིང་སྲིད་གཞུང་གིས་ཏཱ་ལའི་བླ་མར་སྐུར་འདེབས་མི་བྱེད་པའི་གནད་དོན་འདི་གཉིས་ལ་བལྟས་ན། ཕྱི་ཚུལ་གྱི་རྣམ་པ་རྦད་དེ་ཐ་དད་ཡིན་མོད། འོན་ཀྱང་ནང་གནས་ཀྱི་ངོ་བོ་གཅིག་པ་རེད། ཅང་ཙེ་མིན་གྱིས་ཏཱ་ལའི་བླ་མར་སྐུར་འདེབས་བྱས་པ་ནི་བོད་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་། རྒྱལ་ཁབ་ཞི་བདེ་གཅིག་གྱུར་ཡོང་བའི་དམིགས་ཡུལ་འགྲུབ་ཆེད་རེད་ལ། ཞིས་ཅིན་ཕིང་གིས་ཏཱ་ལའི་བླ་མར་སྐུར་འདེབས་མི་བྱེད་པ་དེའང་བོད་ཁུལ་བརྟན་ལྷིང་དང་རྒྱལ་ཁབ་ཞི་བདེ་གཅིག་གྱུར་ཡོང་ཆེད་རེད། བྱེད་ཐབས་མ་འདྲ་བ་རེད་མ་གཏོགས་དམིགས་ཡུལ་གཅིག་པ་རེད། “སྐུར་བ་འདེབས་པ་”དང་”སྐུར་བ་མི་འདེབས་པ་”འདི་གཉིས་ཀྱི་ཁྱད་པར་ནི། རྒྱ་དམར་གྱིས་ཏཱ་ལའི་བླ་མར་བཟུང་པའི་བྱེད་ཐབས་དང་བྱེད་ཐབས་དེ་ལས་བྱུང་བའི་མཇུག་འབྲས་བཅས་ཡིན་ཞིང་། སྔ་མ་ནི་ཧང་རྒྱག་ཧོལ་རྒྱུག་རིགས་ཀྱི་རྩུབ་སྤྱོད་ཅིག་རེད། ཕྱི་མ་ནི་ཅུང་བརྟན་ལ་བྱང་ཆུབ་པའི་གྲས་ཀྱི་འཇམ་ཐབས་ཤིགརེད། སྨོས་མི་དགོས་པ་ཞིག་ལ། “སྐུར་བ་འདེབས་པ་”དང་”སྐུར་བ་མི་འདེབས་པའི”བྱེད་ཐབས་འདི་གཉིས་བཀོལ་སྤྱོད་ལས་བྱུང་བའི་མཇུག་འབྲས་མི་འདྲ་བ་ཡོད། “སྐུར་འདེབས”ལས་བྱུང་བའི་མཇུག་འབྲས་ནི། བོད་མི་ཡོད་དོ་ཅོག་གིས་དར་ཆ་བསྒྲེངས་ནས་འོས་ལངས་དང་། ཕོ་མོ་རྒན་གཞོན་ཚང་མ་རྒྱ་དམར་ལ་ཡི་མ་རང་བར་གྱུར་ཡོད། ཡང་”སྐུར་བ་མི་འདེབས་པ་”ལས་འབྱུང་བའི་འབྲས་བུ་ནི་མི་སེམས་ལ་འཇུག་པ་ཞིག་ཡིན་ངེས།
རྒྱ་དམར་དབང་འཛིན་པས་ཏཱ་ལའི་བླ་མར་སྐུར་འདེབས་བྱེད་མཚམས་བཞག་པ་འདི་ནི་དགའ་འོས་པ་ཞིག་རེད། འོན་ཀྱང་ཕྲན་གྱིས་ངོས་ནས་འདི་ནི་རྒྱ་དམར་གྱི་བོད་ཐོག་བཀོད་པའི་གཡོ་ཐབས་གསར་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་ཡང་ཁ་དཔེ་ལ། ཀི་ངར་མ་མདུན་ནས་བརྒྱབ། དཔུང་ཆེན་པོ་ལྐོག་ནས་དྲངས་ཟེར་བ་དང་གཉིས་སུ་མ་མཆིས། ཞིས་ཅིན་ཕིང་གིས་སྲིད་བསྐྱངས་པ་ནས་བཟུང་། དབང་འཛིན་པས་བོད་ཐོག་སྔར་ནས་ད་བར་དུ་བཟུང་བའི་ཁ་རྡུང་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ཏཱ་ལའི་བླ་མར་སྐུར་འདེབས་ཀྱི་སྲིད་ཇུས་མི་དགོས་པ་བཟོས། ཡིན་ནའང་ཁ་རྡུང་གཏོང་རྒྱུ་མར་བཞག་ཀྱང་ལག་ལེན་བྱེད་རྒྱུ་དང་དུ་བླངས་ཡོད། དེ་ཡང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚོགས་པ་ནས་བཟུང་། བོད་ཁུལ་དུ་རྒྱའི་སྤྱི་སྐད་ཁྱབ་སྤེལ་ལས་འགུལ་ལ་ཤུགས་སྣོན་ཆེ་རུ་བཏང་། ཁ་ལ”སྐད་གཉིས༼བོད་སྐད་དང་རྒྱ་སྐད༽སློབ་གསོ”ཡིན་ཁུལ་དང་། དོན་དངོས་སུ་རྒྱའི་སྐད་ཡིག་ཁོ་ནའི་སློབ་གསོ་བྱས། ད་དུང་བོད་ཆོལ་ཁ་གསུམ་གྱི་སློབ་སྦྱོང་གྲུབ་འབྲས་ཕུལ་དུ་བྱུང་བའི་བོད་རིགས་སློབ་ཕྲུག་ཚང་མ”ནང་སའི་བོད་ལྗོངས་འཛིན་གྲྭ་”ཟེར་བར་འཁྲིད་ནས། རྒྱ་རིགས་སུ་སྒྱུར་ཐབས་དང་ཀླད་པ་འཁྲུད་པའི་སློབ་གསོ་སྤེལ།
ད་དུང་དེ་ལས་ཚབས་ཆེ་བའི་གནད་དོན་ཞིག་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་སུ་གྱུར་པའི་གདན་ས་ཆེན་མོ་གསུམ་གཙོ་བྱས་པའི་ཆོལ་ཁ་གསུམ་གྱི་དགོན་པ་ཆེ་ཁག ཨ་མདོ་ཕྱོགས་སུ་དཔེར་ན། བྱ་ཁྱུང་དགོན། སྐུ་འབུམ་དགོན། རོང་བོ་དགོན། བླ་བྲང་དགོན། ཀིརྟི་དགོན་པ་སོགས། ཁམས་ཁུལ་དུ། དཔལ་ཡུལ་དགོན། ལྔ་མཆོད་དགོན། ལྷ་སྒང་དགོན། ཀ༔ཐོག་དགོན། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་དང་། དབུས་གཙང་ས་ཁུལ་དུ་གདན་ས་གསུམ་གྱི་གཙོས་གཙུག་ལག་ཁང་། གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན། ས་སྐྱ་དགོན། བསམ་ཡས་དགོན་ལ་སོགས་འདི་དག་ཐམས་ཅད་ལ་འགྱུར་བ་བཏང་ནས་སྔོན་དང་གཏན་ནས་མི་འདྲ་བ་བཟོས་ཡོད། སྔོན་ཆད་བསང་དུད་འཁྱིལ་ཞིང་། ཆོས་སྒྲ་གྲགས་པ། བརྗིད་ཅིང་དབེན་པ། རྣམ་དཀར་དགེ་བའི་འོད་སྣང་ཁྲོད་དུ་འཐིམ་པའི་ནང་བསྟན་གྱི་དག་ཞིང་དེ་ཚོ། ད་ཆ་དམར་ཤོག་ཚོགས་པ་དང་སྲིད་གཞུང་གིས་མངག་གཏོང་བྱས་པའི་དགོན་པར་བཅའ་སྡོད་ལས་བྱེད་ཀྱིས་འགོ་ཁྲིད་པའི་འོག རྒྱུ་དངོས་ལ་རྔམ་ཞིང་། དངུལ་ལོར་མཆོག་ཏུ་འཛིན་པ། རྟ་འཁོར་འགྲུལ་བཞུད་ཟམ་མི་ཆད་པ་དང་། འདུ་འཛི་ཟང་ཟིང་གི་ཁེངས་པའི་ཡུལ་སྐོར་ལྟེ་གནས་སམ་ཚོང་རར་གྱུར། དུས་མཚུངས་སུ་དགོན་པའི་གྲྭ་བཙུན་ཧ་ལམ་ཕུལ་དུ་བྱུང་བའི་ཚོང་པ་རྐྱང་རྐྱང་ཞིག་ལ་སྐྱེད་སྲིང་བྱས་འདུག སྔར་གྲྭ་བཙུན་གྱི་མཛུབ་མོ་དེ་དཔེ་ཆ་ཨ་ལོག་རྒྱག་བྱེད་རེད་ལ། དེང་གི་གྲྭ་བཙུན་གྱི་མཛུབ་མོས་དེ་ཤོག་དངུལ་གྲངས་ཀ་བགྲང་བྱེད་ཆགས་འདུག ད་དུང་འུར་སྒྲས་ཁེངས་བའི་གོང་ཚད་སྒྲིག་པའི་ཅ་ཅོ་ཡིས་སྔོན་ཆད་དགོན་པའི་སྐད་གསང་མཐོ་བའི་རྟགས་གསལ་འཆད་རྩོད་ཀྱི་ཆོས་སྒྲའི་ཚབ་བྱས། ད་ལྟ་གྲྭ་བཙུན་ཚོས་ཉིན་ལྟར་དགོན་པའི་སྒོ་ཁར་ཡུལ་སྐོར་སྤྲོ་འཆམ་བ་ལ་སྒོ་འཛིན་འཚོང་བ་དང་། གད་ཕྱིས་རྒྱག་པ། ཟ་ཁང་འཛིན་པ། འགྲོན་ཁང་དང་ཚོང་ཁང་གཉེར་བ་སོགས་ཚོང་ལས་ཞབས་ཞུའི་བྱེད་སྒོ་ལས། ཐོག་མཐའ་བར་གསུམ་དུ་ནང་བསྟན་ཉམས་ལེན་དང་བསྙེན་མཚམས་བཞུགས་པ། དཔེ་ཁྲིད་ཞུ་བ། རྟགས་གསལ་གཏོང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་གོ་སྐབས་རག་རྒྱུ་མེད། རྒྱ་དམར་གྱི་དམིགས་ཡུལ་འདི་ནི་ཆོས་ལུགས་ཉམས་དམས་སུ་གཏོང་བ་དེ་ཡིན་ཞིང་། མི་དམངས་ཤོག་སྒོར་གྱིས་དམ་པའི་ཆོས་ཀྱི་ཚབ་བྱས་ནས་རབ་ཏུ་བྱུང་བའི་གྲྭ་བཙུན་རྣམས་ཚོང་ཟོག་དཔལ་འབྱོར་གྱི་སླུ་བྲིད་འོག རང་ཉིད་རབ་བྱུང་བའི་གནས་བབ་བརྗེད་བཅུག་གི་ཡོད་པ་སྨྲོས་མི་དགོས།
སྔོན་ཆད་བོད་མཐའ་ཁུལ་གྱི་དགོན་པ་ཆུང་བའི་རབ་བྱུང་བ་རྣམས་ཆོས་ལུགས་རིག་གཞུང་གི་ལྟེ་གནས་ལྷ་སའི་གདན་ས་གསུམ་དུ་ཕེབས་ཏེ་སྦྱངས་པ་མཐིལ་ཕྱིན་པར་བྱས་ནས། མཐར་གླིང་བསྲེའི་དགེ་བཤེས་དང་། རྡོ་རམས་པའི་དགེ་བཤེས། ཚོགས་རམས་པའི་དགེ་བཤེས། ལྷ་རམས་པའི་དགེ་བཤེས་བཅས་ཀྱི་ཡོན་ཚད་མཐོ་ཤོས་ལེན་གྱི་ཡོད། དེང་སང་ཏག་ཏག་དེ་ལས་ལྡོག་སྟེ་གདན་ས་གསུམ་གཙོས་པའི་ལྟེ་བའི་དགོན་པ་ཁ་ཤས་ཀྱི་རབ་བྱུང་བ་རྣམས་དགོན་པའི་འཇིག་རྟེན་ཅན་དང་ཚོང་ལས་ཅན་གྱི་སྐྱོམ་ཤུགས་ལས་གཡོལ་ཆེད། ཁུ་སིམ་པོའི་ངང་ས་མཐའི་རི་ཁྲོད་དགོན་ཆུང་དུ་ཕེབས་ནས་ཆོས་ཉམས་ལེན་བྱེད་ཀྱིན་འདུག འོན་ཀྱང་ཁོང་ཚོ་ད་དུང་ལམ་ལྷོང་བྱུང་དཀའ། ས་གནས་དཔོན་རིགས་ཀྱིས་ཡུལ་གཞན་ནས་འོང་བའི་རབ་བྱུང་བ་འདི་རིགས་མཐོང་རྗེས། ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱི་རྗེས་འབྲང་བའི་ཉེས་མིང་འོག ཁྲིམས་གཅོད་བཙོན་འཇུག་གི་ལས་དབང་ལས་ཐར་མི་ཐུབ།
ཕྱོགས་གཞན་ཞིག་ལ། རྒྱ་དམར་གྱིས་ད་དུང་བོད་ཁུལ་ཡོངས་སུ་རབ་བྱུང་བའི་གྲངས་འབོར་ལ་ཚོད་འཛིན་ནན་ཏན་བྱེད་བཞིན་ཡོད། དེ་ཡང་རྨང་གཞིའི་ཤེས་ཡོན་སློབ་གསོ་མ་ཐོབ་པ་ཟེར་བ་དང་། ལོ་ན་བཅོ་བརྒྱད་མ་ལོན་པའི་བོད་མི་དག་རབ་ཏུ་བྱུང་མི་ཆོག དབང་འཛིན་པའི་འབྲེལ་ཡོད་ཚན་པས་དགོན་པ་ཚང་མར་རབ་བྱུང་བའི་གྲངས་ཀར་ཚད་བཀག་ཧ་ཅང་ནན་པོ་བྱས་ཏེ་གཞི་གྲངས་གཏན་འབེབས་བྱས་ཡོད། གཏན་འབེབས་ཁ་གྲངས་འདི་སྔོན་ཆད་དགོན་སྡེའི་གྲྭ་བཙུན་ཞལ་གྲངས་ཀྱི་ཕྱེད་ཀ་ཙམ་དང་། ཐ་ན་དེ་ལས་ཉུང་བ་ཡིན། མིག་སྔར་བོད་ཁུལ་དུ་དགོན་སྡེ་ཁ་ཤས་ལ་གྲྭ་བཙུན་གྱི་ཞལ་གྲངས་དགོན་པ་དེ་གར་བཅའ་སྡོད་ལས་བྱེད་ཀྱི་མི་གྲངས་ལས་ད་དུང་ཉུང་བ་ཆགས་ཡོད། དགོན་སྡེ་ཁ་ཤས་ནང་ཡུལ་སྐོར་སྤྲོ་འཆམ་པ་ལ་སྒོ་འཛིན་འཚོང་མཁན་སོགས་ཚོང་གཉེར་བྱེད་མཁན་རིགས་མ་གཏོགས། དེ་ལས་གཞན་པའི་རབ་བྱུང་བ་ལྷག་མ་མེད། ད་ལྟ་བོད་ནང་གི་དགོན་སྡེའི་གནས་བབ་འདི་ལྟ་བུའི་ཐབས་སྡུག་ཆགས། དགོན་པའི་གྲྭ་བཙུན་ལ་སྤུས་ཚད་མེད་པ་མ་ཟད་གྲངས་འབོར་ཡང་མེད་པ་བཟོས་འདུག ད་དུང་པཎ་ཆེན་རྫུན་མས་གཙོས་པའི་རིན་པོ་ཆེ་རྫུན་མ་མང་དག་ཅིག་བཟོས་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་གི་མདུན་ལམ་ལ་དེ་བས་ཀྱང་མཛེ་ཐོག་ཕོལ་བརྩེགས་དང་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བའི་དཔེ་ལྟར་ཆགས་ཡོད།
ཞིས་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་བའི་ཆབ་སྲིད་སྙན་སྒྲོན་ནང་། “རིག་གཞུང་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་བླ་སྲོག་རེད། རིག་གཞུང་དར་ན་རྒྱལ་ཁབ་དར་བ་དང་། རིག་གཞུང་སྟོབས་ཤུགས་ཆེ་ན་མི་རིགས་སྟོབས་ཤུགས་ཆེ། རིག་གཞུང་གི་ཡིད་ཆེས་ཚད་མཐོ་པོ་ཞིག་མེད་ན། རིག་གཞུང་དར་རྒྱས་གོང་འཕེལ་མེད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་མེད།” ཅེས་བརྗོད། འདིའི་ཐོག་ནས་མཐོང་ཐུབ་པ་ཞིག་ནི། རིག་གཞུང་ནི་དངོས་གནས་མི་རིགས་ཀྱི་བླ་སྲོག་ཡིན་ཞིང་། རིག་གཞུང་སྟོབས་ཆེ་ན་མི་རིགས་སྟོབས་ཆེན་ཡོང་རྒྱུ་ནི་ཕྱི་རོལ་ཡུལ་གྱི་འཕེལ་རྒྱས་ཆོས་ཉིད་ཡིན་སྟབས། རྒྱ་དམར་ངོས་ནས་བོད་མི་རིགས་ཀྱི་བླ་སྲོག་སྟེ་ཆོས་དང་རིག་གཞུང་ལ་ལྡོག་ཕྱོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་ཀྱི་ཡོད། ཧ་ཅང་གསལ་པོ་ཞིག་ལ། ཞིས་ཅིན་ཕིང་གི་བཞིན་རས་འཛུམ་མུལ་མུལ་ངང་ཁ་ནས་ཏཱ་ལའི་བླ་མར་སྐུར་འདེབས་མི་བྱེད་ནའང། ཕྱག་གཉིས་ཀྱིས་ཁུ་སིམ་པོའི་ངང་བོད་ཀྱི་མཇིང་པ་ནས་བཙིར་ཚར་འདུག ཡིན་ཡང་ལུས་སྲོག་སྲུང་སྐྱོབ་ཆེད། བོད་ཀྱིས་མུ་མཐུད་དེ་འཕག་འཚག་མི་རྒྱག་ཀ་མེད་རེད།།
༢༠༡༨ ལོའི་ཟླ་ ༡ ཚེས་ ༡༥ ཉིན།
བཞུགས་སྒར་རྡ་རམ་ས་ལ་ནས།
རྒྱ་ཡིག་ཕབ་སྒྱུར་བྱས།
གོང་གི་རྩོམ་ཡིག་འདི་བཞིན་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས་ཀྱི་བསམ་ཚུལ་ཡིན་པ་ལས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་པའི་ཁྱབ་པ་གང་ཡང་མེད།