༢༠༡༨ ཟླ་ ༡ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ VOT གནས་ཚུལ་སྤེལ་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་མོད་སྨད་རྔ་བ་ཁུལ་གྱི་མཛོད་དགེ་རྫོང་གླིང་བ་ཡུལ་མཚོའི་ཤོག་ཆེན་ ༡༢ ཀྱི་ཁོངས་གཏོགས་གླིང་བ་སྟོད་སྨད་བར་གསུམ་དང་མཐའ་བ་བཅས་ཀྱི་རང་ལོ་ ༡༥ ཡན་ཆད་དང། ལོ་ ༦༠ མན་ཆད་ཀྱི་སྐྱེས་པ་གྲངས་ ༩༦༧ གྱིས་ས་གནས་དེའི་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་དགོན་པའི་མདུན་ཐང་དུ་འདུ་འཛོམས་ཀྱིས་ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༨ བར་ལོ་ངོ་ ༤ ཧྲིལ་པོ་རིང་རྐུན་མ་མི་རྒྱག་པ་དང་རྒྱན་རྩེད་མི་རྩེད་བ། ལུས་ལ་མཚོན་གྲི་སྤོང་བ་བཅས་གནས་དེའི་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་དགོན་བདག་བླ་མ་རྗེ་སྐལ་བཟང་དམ་ཆོས་རྒྱ་མཚོ་མཆོག་དཔང་དུ་བཙུགས་ནས་དམ་བཅའ་བཞག་འདུག
སྤྱིར་ས་གནས་དེར་ལོ་གསུམ་རེའི་མཚམས་སུ་ཡུལ་སྡེའི་འགོ་ཁྲིད་གསར་འདེམས་གནང་གྲུབ་བསྟུན་ལས་འགུལ་དེ་ཐེངས་རེ་སྤེལ་བཞིན་ཡོད། དེ་ནི་ས་གནས་དེ་ཙམ་མིན་པར་མ་འོངས་ལོ་བཞིའི་ནང་བོད་ཁམས་ཡོངས་ཀྱི་ནང་དེ་ལྟར་དམ་བཅའ་བཞག་ཡོད་པ་རེད་འདུག
དམ་བཅའ་བཞག་པའི་སྒྲིག་བཀོད་ཡིག་ཆའི་ནང་གསལ་གལ་སྲིད་སུ་ཞིག་གིས་རྐུ་གྲི་རྒྱན་གསུམ་དུས་ཚོད་ལྟར་མི་སྤོང་མཁན་ལ་རྒྱ་སྒོར་ ༢༠༠༠ ཉེས་ཆད་དང་། དམ་བཅའ་བཞག་རྗེས་སྒྲིག་གཞི་དང་འགལ་ན་རྒྱ་སྒོར་ ༡༠༠༠ ཉེས་ཆད་གཏང་རྒྱུ་མ་ཟད། རྒྱན་རྩེད་ཁང་ཕྱེ་མཁན་ཡོད་ཚེ་རྒྱ་སྒོར་ ༥༠༠༠ ཉེས་ཆད། ས་གནས་རང་གི་མིས་གྲི་ཁྱེར་བ་མཐོང་ཚེ་རྒྱ་སྒོར་ ༡༠༠༠ ཉེས་ཆད་གཏང་རྒྱུ་ཡིན་པ་དང་། དེ་བཞིན་གྲི་བརྒྱབ་པའི་དོན་རྐྱེན་བཟོ་ཚེ་རྒྱ་སྒོར་ ༣༠༠༠ བཅས་ཀྱི་ཉེས་ཆད་གཏང་རྒྱུའི་སྒྲིག་ཁྲིམས་གཏན་འབེབས་གནང་འདུག
མཛོད་དགེ་གླིང་བ་ཡུལ་མི་ཚོས་འཆར་ཅན་ལྟར་རྐུ་གྲི་རྒྱན་སྤོང་བའི་དགོས་དམིགས་ནི་གླིང་བ་སྲིད་གཞུང་དང་། ཉེན་རྟོག་ལས་ཁུངས། དགོན་གྲོང་ལྔས་གྲོས་གནང་ནས་མཛོད་དགེ་བླ་མ་སྐལ་བཟང་དམ་ཆོས་རྒྱ་མཚོའི་ཞབས་བརྟན་ལ་དམིགས་ནས་གནང་བ་ཞིག་ཡིན་པ་རེད་འདུག ལྷག་པར་དུ་སྤྱི་ཚོགས་བདེ་འཇགས་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས་འཚེ་མེད་ཞི་བདེ་ལ་རྒྱབ་སྐྱོར་གྱི་ཆེད་དུ་ཡིན་པ་རེད་འདུག
དེ་མཚུངས་ཟླ་བ་འདིའི་ཚེས་ ༩ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མདོ་སྨད་གཙོས་དགོན་པར་གཙོས་མཚོ་བ་ཉེར་གཅིག་གི་ཁྱིམ་ཚང་ ༡༠༠༠ ལྷག་ཡོད་པ་ནས་བུ་ལོ་ན་ ༡༦ ནས་ ༦༠ མན་ཆད་བར་གྱི་སྐྱེས་ཕོ་རྒན་གཞོན་བར་གསུམ་མི་གྲངས་ ༦༠༠༠ ལ་ཉེ་བས་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་འདུ་ཁང་ཆེན་མོའི་རྟེན་ཁྲིའི་མདུན་ནས་ཐ་མག་དང་དང་ཆང་རག་མི་སྤྱོད་པ་དང་ཤོ་སྦག་རྒྱན་རྩེད་རིགས་མི་གནང་བའི་དམ་བཅའ་བཞག་པའི་ལས་འགུལ་ཞིག་སྤེལ་བ་དང་ཆབས་ཅིག བོད་ཁམས་བདེ་ཞིང་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་གནང་བའི་གནས་ཚུལ་ཐོན་ཡོད་པ་རེད།