༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །རྩ་འཛིན་ལམ་སྟོན་འདི་བཞིན་ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༡༨ ཉིན་གཏན་ལ་ཕབ་པའི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་གསར་ཤོག་དང་། དུས་དེབ། དྲ་རྒྱ་བཅས་ཀྱི་ཐོག་གནས་ཚུལ་འགྲེམས་སྤེལ་བྱེད་ཕྱོགས་ཀྱི་ལམ་སྟོན་གྱི་དོན་ཚན་ ༦།༡༤ ཕྱི་དྲིལ་ལས་ཁུངས་ཀྱི་ཨིན་ཡིག་དྲྭ་རྒྱའི་ནང་གནས་ཚུལ་འགོད་ཕྱོགས་ཀྱི་ཆ་རྐྱེན་འོག དུས་ཀྱི་དགོས་མཁོ་དང་། གནད་དོན་ལ་འཚམ་པའི་ལམ་སྟོན་ཟུར་དུ་དགོས་གལ་ཆེ་བར་བརྟེན། ད་ལམ་ཕྱི་དྲིལ་ལས་ཁུངས་ནས་རྩ་འཛིན་ལམ་སྟོན་རགས་ཟིན་འདི་བཞིན་འཆར་འབུལ་ཞུས་པ་གཤམ་གསལ།
བོད་མིའི་སྒྲིག་འཛུགས་ཀྱི་ཨིན་ཡིག་དྲ་རྒྱ་ www.tibet.net འདིའི་ནང་གསར་འགྱུར་འགོད་ཕྱོགས་ནང་གསེས་སྡེ་ཚན་གསུམ་དུ་དབྱེ་ཡོད་པ་ནི། ༡། གལ་ཆེའི་གསར་འགྱུར་ཁག་དང་།
༢། བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་གསར་འགྱུར།
༣། གསར་ལམ་གཞན་ནང་ཐོན་པའི་བོད་དོན་གནས་ཚུལ་བཅས་ཡིན།
༡༽ གལ་ཆེའི་གསར་འགྱུར་ཁག
གསར་འགྱུར་སྡེ་ཚན་འདིའི་ནང་གཤམ་གསལ་གནད་དོན་ཁག་དང་འབྲེལ་བའི་གསར་འགྱུར་དང་། དཔྱད་རྩོམ་སོགས་འགོད་རྒྱུ།
• སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
• བོད་ནང་གི་གནས་ཚུལ།
• རྒྱ་ནག་གཞུང་གི་བོད་འབྲེལ་སྲིད་བྱུས་ཁག་ལ་སྐབས་བབ་དགོས་གལ་ནམ་བྱུང་སྐབས་ལན་འདེབས།
• བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་རྒྱུ།
• བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་།
• བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་།
• བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་དང་། བཀའ་བློན་རྣམ་པ། དྲུང་ཆེ་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ་བཅས་ཀྱི་ གཤམ་གསལ་གལ་ཆེའི་མཛད་འཕྲིན་ཁག
གྲོས་ཚོགས་འཐུས་མི་རྣམ་པ། རྒྱ་གར་དབུས་གཞུང་གི་བློན་ཆེན་རྣམ་པ། མངའ་སྡེའི་བློན་ཆེན་སོགས་གཞུང་འབྲེལ་གལ་ཆེའི་མི་སྣ་ཁག་དང་། དེ་བཞིན་རྒྱལ་སྤྱིའི་མི་སྣ་གལ་ཆེ་ཁག་བཅས་དང་མཇལ་འཕྲད་དང་། ཆེས་མཐོའི་གསར་འགྱུར་ལས་རིམ་ཁག་དང་། རྒྱ་གར་དང་རྒྱལ་སྤྱིའི་གལ་ཆེའི་ལས་རིམ་ཁག་གི་ནང་མཉམ་ཞུགས་གནང་བ། ལས་གཞི་ལས་འཆར་གལ་ཆེ་ཁག་དབུ་འཛུགས་དང་སྣེ་ཁྲིད་བཅས།
• བོད་དང་། བོད་མིའི་སྒྲིག་འཛུགས་ཐོག་རྒྱལ་སྤྱིའི་ཆབ་སྲིད་དང་ཕྱི་འབྲེལ་མི་སྣ་ཁག་མཇལ་མོལ།
• བོད་དང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན་དང་གསར་འགྱུར་ལས་རིམ། པར་སྐྲུན་ཇི་གནང་སོགས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དྲིལ་བསྒྲགས་ལས་དོན།
• སྐུ་ཚབ་དོན་ཁང་གིས་སྤེལ་བའི་བོད་དོན་ཞུ་གཏུག་ལས་འགུལ་དང་ཕྱི་འབྲེལ་ལས་དོན།
• བོད་མི་བྱས་རྗེས་ཅན་རྣམས་ཀྱི་ངོ་སྤྲོད།
• བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་ཁག་གི་གལ་ཆེའི་ལས་རིམ་ཁག
• བོད་དང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་མཁས་པའི་གཏམ་བཤད་ཁག
དམིགས་ཡུལ།
སྡེ་ཚན་འདི་ནས་བོད་དོན་གསར་འགྱུར་གལ་གནད་ཆེ་བ་ཁག་ཁྱབ་སྤེལ་ཞུས་ནས། རྒྱལ་སྤྱིའི་ནང་བོད་དོན་དངོས་ཇི་ཡིན་དྲིལ་བསྒྲགས་བྱ་རྒྱུ་དང་།
གལ་ཆེའི་གསར་འགྱུར་སྡེ་ཚན་འདིའི་ནང་བོད་དང་བོད་མིའི་གནད་དོན་དང་གནས་ཚུལ་ཆེ་ཁག་འདོན་སྤེལ་བྱ་རྒྱུ་དང་། འདི་བརྒྱུད་རྒྱལ་སྤྱིའི་ནང་བོད་དོན་དངོས་ཇི་ཡིན་དྲིལ་བསྒྲགས་བྱ་རྒྱུ། འདིའི་ནང་འཁོད་པའི་གནད་དོན་དང་གནས་ཚུལ་ཕལ་མོ་ཆེ་ཕྱི་དྲིལ་རྩོམ་སྒྲིག་པའི་འབྲི་རྩོམ་གནང་བ་ཞིག་ཡིན་པ་དང་། དེ་བཞིན་དབུས་ལས་ཁུངས་ཁག་ནས་བཏང་གནང་བའི་གནས་ཚུལ་ཆེ་ཁག་རྣམས་ཕྱི་དྲིལ་རྩོམ་སྒྲིག་པས་ཞུ་དག་རྗེས་འདོན་སྤེལ་ཞུ་རྒྱུ།
སྡེ་ཚན་འདིའི་ནང་གནས་ཚུལ་ཇི་བཏོན་གྱི་མཐའ་མའི་འགན་དབང་ཕྱི་དྲིལ་བརྒྱུད་ལམ་ཚོགས་ཆུང་ལ་ཡོད།
དམིགས་ས།
གསར་འགྱུར་སྡེ་ཚན་འདི་ནས་གཤམ་གསལ་རྣམས་ལ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཡིན།
• རྒྱ་གར་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག
• རྒྱལ་སྤྱིའི་སྲིད་གཞུང་ཁག
• ཐབས་བྱུས་དང་། སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁག
• འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག
• ཞུ་གཏུགས་ཚོགས་ཆུང་ཁག
• རྒྱ་ནག་གཞུང་།
• རྒྱ་ནག་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག
• བོད་ནང་གི་བོད་མི།
• བཙན་བྱོལ་བོད་མི།
• རྒྱལ་སྤྱིའི་རྒྱ་ཆེའི་གསར་འགྱུར་གསན་གཟིགས་གནང་མཁན།
༢༽ བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་གསར་འགྱུར།
སྡེ་ཚན་འདིའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཁག དེ་བཞིན་གཞུང་འབྲེལ་རང་སྐྱོང་སྡེ་ཚན་བཅས་ཀྱི་གསར་འགྱུར་ཁག་འདོན་སྤེལ་ཞུ་རྒྱུ། དེ་ཡང་། འདིའི་ནང་བཀའ་བློན་རྣམ་པའི་ཕྱོགས་བསྐྱོད་དང་གཏམ་བཤད། གཞུང་འབྲེལ་ཟབ་སྦྱོང་དང་གོ་རྟོགས་ལས་རིམ་ཁག འཕྲོད་བསྟེན་སློབ་གསོ་དང་སྨན་སྒར་གོ་སྒྲིག གསར་གཏོད་རང་བཞིན་ལྡན་པའི་ལས་གཞི་དང་ལས་འཆར་ཁག ཉམས་ཞིབ་པའི་དཔྱད་རྩོམ། དེ་བཞིན་བཀའ་བློན་རྣམ་པས་གཞུང་འབྲེལ་མིན་པའི་མཛད་སྒོ་ཁག་གཅིག་དང་འབྲེལ་བའི་གནས་ཚུལ་སོགས་རྒྱུན་ལྡན་མིན་པའི་ལས་དོན་ཁག་འདོན་སྤེལ་ཞུ་རྒྱུ།
བོད་མི་མང་སྤྱི་འཐུས་ལྷན་ཁང་ནས། ཆེས་མཐོའི་ཞུ་གཏུགས་ལས་འགུལ་དང་། མང་གཙོ་གོ་རྟོགས་འཕེལ་རྒྱས་ལས་རིམ་ལ་སོགས་འདིར་འདོན་སྤེལ་ཞུ་རྒྱུ།
དམིགས་ས།
• བོད་ནང་གི་བོད་མི།
• བཙན་བྱོལ་བོད་མི།
• རྒྱལ་སྤྱིའི་མི་མང་།
སྡེ་ཚན་འདིའི་ནང་གནས་ཚུལ་ཇི་བཏོན་གྱི་མཐའ་མའི་འགན་དབང་ཕྱི་དྲིལ་རྩོམ་སྒྲིག་ཚོགས་ཆུང་ལ་ཡོད།
༣༽ གསར་ལམ་གཞན་ནང་ཐོན་པའི་བོད་དོན་གནས་ཚུལ།
སྡེ་ཚན་འདིའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་དང་བོད་མི། བོད་མིའི་སྒྲིག་འཛུགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། གཞན་ཡང་བྱས་རྗེས་ཅན་གྱི་མི་སྣ་ཁག་གི་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་གི་ནང་ཐོན་པའི་གནས་ཚུལ་དང་། དཔྱད་རྩོམ་ཁག་འདིར་བསྐྱར་འདོན་བྱ་རྒྱུ། དེ་ཡང་། རྒྱ་ནག་གི་གནད་དོན་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ། རྒྱ་ནག་དང་ཨ་རིའི་འབྲེལ་ལམ་སོགས་ཀྱི་སྐོར་འདོན་སྤེལ་བྱ་རྒྱུ། སྡེ་ཚན་འདིའི་ནང་གནས་ཚུལ་ཇི་འདོན་དང་། བརྗོད་ཚིག་ཇི་འཁོད་ཕྱི་དྲིལ་དྲ་རྒྱའི་རྩོམ་སྒྲིག་པར་འགན་འཁྲི་མེད།
གསར་ལམ་གཞན་ནང་ཐོན་པའི་བོད་དོན་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་འདོན་སྤེལ་བྱེད་དགོས་དོན་ནི། སྒྲིག་འཛུགས་ཀྱི་དྲ་རྒྱར་གཟིགས་པ་པོ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་དང་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ་གསར་ལམ་ཁག་གི་ནང་ཐོན་པ་རྣམས་དུས་ཐོག་ཤེས་རྟོགས་ཐུབ་ཐབས་ཆེད་དུ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གཟིགས་པ་པོ་རྣམས་ལ་གནས་ཚུལ་དུས་ཐོག་འདོན་སྤེལ་ཞུ་བ་དང་ཆབས་ཅིག བོད་དོན་དྲིལ་བསྒྲགས་གཞི་རྒྱ་ཆེ་རུ་གཏོང་བའི་ཐོག རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་གླེང་སྟེགས་གང་མང་བསྐྲུན་ཐབས་ཆེད་དུ་ཡིན།
དམིགས་ས།
རྒྱལ་སྤྱིའི་རྒྱ་ཆེའི་གསར་འགྱུར་གཟིགས་མཁན་རྣམས།
གསང་རྒྱ་དམ་བསྒྲགས་ཐབས་བྱུས།
༡། བཀའ་ཤག་གི་ལམ་སྟོན་ལྟར་སྒེར་གྱི་རྩོམ་རིགས་འདོན་སྤེལ་ཞུ་རྒྱུ།
༢། འདི་གའི་རྩོམ་སྒྲིག་པའི་གཏམ་དང་རྩོམ་བྲིས་ཆ་ཤས་ཙམ་ཡང་བརྒྱུད་ལམ་གཞན་གྱི་ནང་ཇི་མ་ཇི་བཞིན་འདོན་སྤེལ་བྱེད་མི་ཆོག
༣། འདི་གའི་དྲ་རྒྱའི་ནང་འདོན་སྤེལ་ཞུས་པའི་གནས་ཚུལ་བརྒྱུད་ལམ་གཞན་ནང་བསྐྱར་འདོན་བྱེད་སྐབས་ལུང་འདྲེན་གནང་དགོས།
༤། དེ་བཞིན་འདི་གའི་དྲ་རྒྱའི་ནང་དུ་འདོན་སྤེལ་བྱས་པའི་བརྙན་པར་རྣམས་ཀྱང་ལུང་འདྲེན་གནང་དགོས།
གོང་འཁོད་གསང་རྒྱ་དམ་བསྒྲགས་ལ་ངེས་པར་བརྩི་བཀུར་ཞུ་དགོས་པ་དང་། ཅི་སྟེ་དེ་ལྟར་མ་གནང་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་ཉེས་ཆད་འགྲུབ་དགོས་པ་ཡིན།
འདི་ཐད་དོགས་འདྲི་མཆིས་ཚེ་གཤམ་གསལ་ལ་འབྲེལ་ལམ་གནང་རོགས།
[email protected]
[email protected]
www.tibet.net
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས།
དརྨ་ཤཱ་ལ།
ཧི་མཱ་ཅལ་མངའ་སྡེ།