ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བར་མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་པ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་དུ་བབས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འཚམས་འདྲིའི་འཕྲིན་ཡིག་ཅིག་གནང་འདུག་པའི་ནང་འཁོད་དོན།
མཚུངས་མེད་དགེ་བཤེས་ཟླ་བ་དར་རྒྱས་མཆོག་གི་༧ཞབས་དྲུང་དུ།
ཆེད་འབུལ། གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་བཏོན་གསལ་ལྟར་བྱས་ན། སྐུ་ཉིད་དཔལ་རྒྱལ་བ་སྨན་རི་པའི་ཁྲི་འཛིན་སོ་བཞི་པར་བརྟག་ཐོན་བྱུང་ཡོད་འདུག་པར། དགའ་གུས་ཟུང་དུ་སྦྲེལ་བའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ལན་བརྒྱར་ཞུ་རྒྱུ་དང་། གང་ཉིད་གཡུང་དྲུང་བོན་བསྟན་གྱི་གསལ་བྱེད་དང་མགོན་དཔུང་དམ་པར་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ་རྒྱུར། ཝ་ར་ཎ་སི་ནས་ཆོས་རིག་བཀའ་བློན་མིང་འཛིན་གཡུ་ཐོག་ཀརྨ་དགེ་ལེགས་པས། ད་ཉིན་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢ ལ་གུས་བཏུད་བཅས།
ཕུལ།།