ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བཀའ་ཤག་སྐབས་ ༡༣ པའི་འཕྲོད་བསྟེན་བཀའ་བློན་གནང་མྱོང་ཡོད་པ་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་གིས་༼ དངོས་པོ་ཀུན་གྱི་རང་བཞིན། ༽ ཞེས་པ་ཨིན་ཡིག་ཐོག་འབྲི་རྩོམ་གནང་བ་དེ་ཉིད་ཉི་ཧོང་དང་ཉེ་ལམ་སིན་ཧ་ལིའི་སྐད་ཡིག་ནང་ཕབ་སྒྱུར་ཞུས་ནས་ཡུལ་དེ་གཉིས་ཀྱི་སློབ་ཕྲུག་དང་མང་ཚོགས་བཅས་ཀྱིས་དགའ་མོས་ཆེན་པོ་བྱེད་ཡུལ་ཞིག་གྱུར་འདུག དེར་བརྟེན་བཀའ་ཟུར་མཆོག་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་སྐབས་དང་བསྟུན་འདི་ག་ཕྱི་དྲིལ་དྲ་བརྙན་ཚན་པ་དང་བོད་ཡིག་ཚན་པའི་གསར་འགོད་པ་བཅས་ཀྱིས་དྲི་བ་ཁག་གཅིག་ལ་ལན་འདེབས་གནང་ཡོད།
དེ་ཡང་གསར་འགོད་པས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༢༠ ཐོག་བཀའ་ཟུར་མཆོག་གི་བཞུག་གནས་ཨ་ཧིམ་ས། Ahimsa Lodge ཞེས་པའི་གསོལ་མགྲོན་ཁང་དུ་བཅར་འདྲི་ཞུས་ཡོད།
གསར་འགོད་པ། སྐུ་ངོ་མཆོག་ངོ་སྤྲོད་གནང་རོགས།
བཀའ་ཟུར་མཆོག་གིས། ང་བོད་ལ་སྐྱེས་པ་རེད། བྱང་སྤྱིའི་ཁྱབ་ཁོངས། སྔ་མོ་སྡེ་པ་གཞུང་གི་སྤྱི་ཁྱབ་ལྔ་བརྩི་སྲོལ་ཡོད། དེ་ཁོངས་ནས་བྱང་རིགས་སྤྱི་ཁྱབ་ཀྱི་ཁྱབ་ཁོངས་རྣམ་གླིང་རྫོང་གི་འབྲོག་སྡེའི་ནང་སྐྱེས་པ་རེད། ང་རང་ལོ་ ༡༢ ཙམ་ལ་བསླེབས་སྐབས་ཕྱི་ལོ་ ༡༩༥༩ ལོར་ཟིང་འཁྲུག་ལངས་པར་བརྟེན་ཕ་མ་དང་ལྷན་བལ་ཡུལ་དུ་བྲོས་བྱོལ་ལ་འབྱོར་བ་རེད། འཚར་ལོངས་བྱེད་ས་ཕལ་ཆེ་བ་བལ་ཡུལ་ནང་རེད། དེ་ནས་ཨིན་ཡུལ་དུ་སློབ་གྲྭར་ཁྱུག་ཙམ་ཕྱིན་པ་རེད། ཚུར་ལོག་རྗེས་སློབ་གྲྭའི་དགེ་རྒན་དང་སྐད་སྒྱུར། ཕྱི་ལོ་ ༡༩༧༣ ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ་རྡོར་པ་ཌན་ནོར་འཛིན་གླིང་གཞིས་འགོ་དང་། དེ་ནས་བལ་ཡུལ་དོན་ཁང་དུ་དྲུང་གཞོན་གནས་རིམ་ཐོག་དྲུང་ཆེའི་ལས་འགན་ལྟ་བུ་རེད།
ཕྱི་ལོ་ ༡༩༨༢།༨༣ ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་བྱས་རྗེས་བལ་ཡུལ་དོན་གཅོད་ཁང་དུ་ལོ་ ༥ ཙམ་ལས་ཀ་བྱས་པ་རེད། དེ་ནས་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད་ལོ་ ༦ ཙམ་བྱས་རྗེས་ཨོ་སི་ཊོ་ལི་ཡ་དོན་གཅོད་ལོ་ ༤ ཙམ་བྱས། དེ་རྗེས་ཉི་ཧོང་སྐུ་ཚབ་དོན་གཅོད་ལོ་ ༥ བྱས། དེ་ནས་འཕྲོད་བསྟེན་བཀའ་བློན་ལོ་བཞི་ཙམ་བྱས་པ་ཡིན།
གསར་འགོད་པས། སྐབས་བབ་བརྗོད་གཞི་ནི་སྐུ་ངོ་མཆོག་གིས་བརྩམས་པའི་དངོས་པོ་ཀུན་གྱི་རང་བཞིན་ The Nature of all things ཞེས་པ་འདིའི་སྐོར་ཡིན། དེབ་འདི་ཤྲི་ལངྐའི་སྐད་ཙམ་མིན་པར་ཉི་ཧོང་སྐད་ནང་ཕབ་སྒྱུར་བྱས་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དེ་འདྲ་ཏོག་ཙམ་དཀོན་པོ་འདུག སིན་ཧ་ལིའི་སྐད་ཡིག་ཐོག་ཕབ་སྒྱུར་གནང་བ་དེའི་བརྒྱུད་རིམ་དང་གནད་འགག་གང་འདྲ་ཞིག་གཟིགས་བཞིན་འདུག
བཀའ་ཟུར་མཆོག་གིས། དེབ་འདི་དངོས་པོ་ཀུན་གྱི་རང་བཞིན་། The Nature of all things ཞེས་པ་འདི་རེད། དེབ་འདིའི་ནང་དོན་གཙོ་བོ་ངའི་མི་ཚེའི་ལོ་རྒྱུས་ཡིན་སྟབས། དང་པོ་ང་རང་སྐྱེ་སྐབས་བོད་བྱང་ཐང་གི་འབྲོག་པའི་འཚོ་བའི་གནས་སྟངས་དང་། དེ་རྗེས་རྒྱ་མིས་བཙན་འཛུལ་བྱས་པའི་བརྒྱུད་རིམ་ནང་འབྲོག་པ་ཞིག་དང་། ལྷག་པར་རང་ཉིད་བྱིས་པ་ཞིག་ཡིན་པའི་གནས་སྟངས་འོག་སྐབས་དེར་འཚར་ལོངས་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་དང་དཀའ་ངལ་གང་འཕྲད་མིན། དེ་ནས་བཙན་བྱོལ་དུ་གྱར་རྗེས་བཙན་བྱོལ་བའི་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་རེད། ཕ་མ་གཉིས་ཀ་འདས་གྲོངས་སུ་གྱུར་ནས་སྤྲང་ལ་གྱར་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་སྒྲིག་འཛུགས་ཤིག་ཧྲ་ཚུགས་གཞིས་ཆགས་ཁག་ཡོད་པར་བརྟེན་གཞིས་ཆགས་ཀྱི་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ཨིན་ཡུལ་དུའང་ཁྱུག་ཙམ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་དང་སོ་སོའི་གཞུང་གི་སྒྲིག་འཛུགས་ནང་ཞུབས་ཕྱི་ཞུ་རྒྱུའི་གོ་སྐབས་ཐོབ་པ་བཅས་ལོ་རྒྱུས་མདོར་བསྡུས་འདི་ལྟར་རེད། ངའི་དེབ་འདི་ངའི་མི་ཐོག་གི་གནས་སྟངས་ཆ་ཚང་ཡོད་པའི་བཟོ་འདྲ་ཞིག་རེད། བཙན་བྱོལ་ལ་ཡོང་བའི་སྐབས་དཀའ་སྡུག་ཇི་ཙམ་འཕྲད་པ་དང་། སྔོན་མ་སོ་སོའི་ལུང་པ་རང་དབང་ཡིན་པའི་སྐབས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་གསལ་པོ་མཐོང་རྒྱུ་ཞིག་ཆགས་འདུག དེར་བརྟེན་དེབ་ཀློག་མཁན་སྤྱི་དང་། ལྷག་པར་ཕྱི་རྒྱལ་མི་རིགས་རྣམས་ལ་སེམས་འགུལ་ཧ་ཅང་ཐེབས་ཏེ་དགའ་ཚོར་བྱེད་མཁན་འདུག
དེར་བརྟེན་རང་གི་ངོ་ཤེས་པ་ཚོར་དེབ་འདི་ལག་རྟགས་སུ་སྤྲོད་ཀྱི་ཡོད། ལོ་གཉིས་གོང་ང་རང་ཤྲི་ལངྐ་ཕྱིན་པ་རེད། སྐབས་དེ་དུས་བོད་དོན་ཐོག་སེམས་ཁུར་བ་ Damenda Porage ལགས་གནམ་གྲུའི་ནང་ཐུག་བྱུང་། ཕྱིས་སུ་ངའི་དེབ་འདི་ཁོང་ལ་ལག་རྟགས་སུ་སྤྲད་པ་ཡིན། ཁོང་གི་ཁྱིམ་ཚང་གིས་དེབ་འདི་ཀློག་ནས་དེབ་འདི་བློ་ལ་མ་ཤོང་མཁན་ལྟ་བུ་ཞིག་འདུག དེར་བརྟེན་ཤྲི་ལངྐའི་སྐད་ནང་སྒྱུར་རྒྱུར་ཆོག་མཆན་སྤྲོད་རོགས་གསུང་བྱུང་། ངས་དེབ་པར་སྐྲུན་དང་སྒྱུར་རྒྱུ་བཅས་ཀྱི་འགན་དབང་ཆ་ཚང་ཁྱེད་རང་ལ་འབུལ་གྱི་ཡིན། ཞེས་འགན་དབང་སྤྲད་པ་རེད། དེབ་འདིའི་བརྒྱུད་ཡོང་སྒོ་ཕྲན་བུ་འདྲ་ཡོད་ན། Sri Lankan Tibetan Buddhist Brotherhood Society ཞེས་པའི་ཚོགས་པའི་ལས་འགུལ་ཐོག་བེད་སྤྱོད་གནང་ན་འགྲིག་གི་རེད། ཅེས་བརྗོད་རྒྱུ་བྱུང་།
དེ་བཞིན་ཉི་ཧོང་དུའང་ངའི་ངོ་ཤེས་པ་ཞིག་ལ་དེབ་འདི་ལག་རྟགས་སུ་སྤྲད་པར་དེབ་འདི་ལོ་གཞོན་པ་ཚོར་ཕན་ས་རེད། ཁྱེད་རང་གི་དེབ་འདིའི་ནང་ལོ་གཞོན་པ་ཚོ་སློབ་སྦྱོང་ཐོག་དོ་ཁུར་ལེན་དགོས་པ་དང་། སློབ་སྦྱོང་ཐོག་ཤུགས་རྒྱག་པ་ཡིན་ན་མི་ཚེའི་མདུན་ལམ་དཀའ་ངལ་ག་ཚོད་ཡོད་ནའང་མདུན་ལམ་རྙེད་རྒྱུ་ཡོད་པ་དེབ་འདིའི་ནང་ཐོན་ཡོང་གི་འདུག དེར་བརྟེན་ཁོང་ཚོའི་སྐད་ནང་སྒྱུར་ཆོག་སྐོར་གསུངས་བྱུང་། Damenda Porage ལགས་ཡིན་ནའང་ཤེས་ཡོན་ཐོག་འགན་འཁུར་མཁན་རེད་འདུག
གསར་འགོད་པས། དེབ་འདི་ཨིན་ཡིག་ནས་ཤྲི་ལངྐའི་སྐད་ཡིག་ཐོག་ཕབ་སྒྱུར་རྗེས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་དཔེ་དེབ་དབུ་འབྱེད་དང་འདོན་སྤེལ་སླད་དཀའ་ངལ་འཕྲད་ཡོད་སྐོར་གོ་རྒྱུ་འདུག་པ་འདི་ཇི་ཙམ་དངོས་འབྲེལ་ཡིན་པ་དང་། སྤྱི་ཡོངས་ཐོག་དཀའ་ངལ་གང་བྱུང་ཡོད་དམ།
བཀའ་ཟུར་མཆོག་གིས། སྤྱིར་ཤྲི་ལངྐའི་ནང་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་རེད་འདུག གང་སར་ནུས་པ་ཆེན་པོ་སླེབ་འདུག དེ་འདྲའི་གནས་སྟངས་འོག་ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་ Jayawardenepura University གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ཚོགས་འདུ་ཞིག་གི་སར་ངའི་དེབ་འདི་འགྲེམས་སྤེལ་བྱ་ཆོག་པ་དང་། སྐབས་དེར་ངས་ངོ་སྤྲོད་གཏམ་བཤད་སླད་ཡོང་རོགས་ཞེས་བརྗོད་བྱུང་། ང་རང་ཤྲི་ལངྐར་འབྱོར་དུས་ཁོང་ཚོས་གནོན་ཤུགས་ཆེན་པོ་འདུག དཀའ་ངལ་འཕྲད་མ་སྲིད་པ་རེད་མི་འདུག གལ་ཏེ་དེ་ལྟར་བྱུང་བ་ཡིན་ན། ང་ཚོས་སྔོན་ནས་བཟོད་གསོལ་ཞུ་རྒྱུ་ཡིན། ཞེས་དཔེ་དེབ་པར་སྐྲུན་བྱེད་མཁན་གྱི་ཚོགས་པས་དེ་ལྟར་བརྗོད་ཀྱི་འདུག དཔེ་དེབ་དབུ་འབྱེད་ཉིན་དམིགས་བསལ་གནོན་ཤུགས་དེ་འདྲ་གང་ཡང་མཐོང་རྒྱུ་མི་འདུག གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་དང་། ཉི་ཧོང་ནས་མཁས་པ་ཞིག་ཕེབས་འདུག གྲྭ་བ་མང་པོ་འདུག གྲྭ་བ་ཞིག་གིས་དེབ་འདིའི་སྐོར་ངོ་སྤྲོད་གནང་སོང་། དེ་ནས་ངས་ང་ཚོའི་མི་ཐོག་གིས་དཀའ་སྡུག་ག་ཚོད་མྱངས་པའི་སྐོར་དང་།
ལྷག་པར་སློབ་གྲྭ་དེ་ལྟ་བུའི་ནང་སྒོ་འབྱེད་བྱེད་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། གང་ཡིན་ཞེ་ན་པར་སྐྲུན་གནང་མཁན་གྱི་དམིགས་ཡུལ་ལྟར་གཞོན་སྐྱེས་ཚོར་སེམས་སྤོབས་དང་སེམས་ཤུགས་སྐྱེ་རྒྱུར་ཕན་ཐོགས་ཡོང་ས་རེད། ཅེས་རོབ་ཙམ་བཤད་པ་ཡིན། ཕྱིས་སུ་ཁོང་ཚོས་ང་ལ་གང་ཟེར་གྱི་འདུག་ཅེ་ན།རྒྱ་ནག་གཞུང་གིས་ཁོང་ཚོའི་བདེ་འཇགས་ལས་ཁུངས་སུ་ཡི་གེ་བཏང་སྟེ། འདི་ཆབ་སྲིད་ཀྱི་ལས་ཀ་རེད། གཙུག་ལག་སློབ་གྲྭའི་ནང་ནང་པའི་ཚོགས་འདུ་སར་དཔེ་དེབ་འདི་སྒོ་འབྱེད་བྱས་པ་འགྲིག་མི་འདུག ཅེས་ཡི་གེ་འབྱོར་བ་རེད་བརྗོད་བྱུང་། གཙུག་ལག་སློབ་གྲྭས་དེབ་འདི་ནི་མི་ཚེའི་དངོས་ཡོད་ལོ་རྒྱུས་རེད། ཆབ་སྲིད་གང་ཡང་མི་འདུག ཅེས་ལན་འདེབས་བྱས་པ་ཡིན། ཞེས་བརྗོད་བྱུང་། དེ་རིང་འདིར་བདེ་འཇགས་ལས་ཁུངས་ནས་གསང་བའི་མི་སྣ་གཉིས་གསུམ་ཡོང་སོང་ཟེར་གྱི་འདུག །