ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༧ འཁོད་མངའ་སྡེ་སོ་སོའི་སྤྱི་ཁྱབ་དྲུང་ཆེ་དང་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་བཅས་སོ་སོར་བཀོད་ཁྱབ་གནང་བའི་ནང་། བཙན་བྱོལ་བོད་མི་ཁྲོད་སྐྱབས་བཅོལ་ལག་དེབ་ཡོད་པ་རྣམས་ནས་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུན་ online ཐོག་དེབ་སྐྱེལ་ཐོ་འགོད་དགོས་སྐོར་དང་། རིམ་པས་སྐྱབས་བཅོལ་ལག་དེབ་དུས་འགྱངས་དང་། ཕྱིར་ཐོན་ངོས་སྦྱོར་ Exit Permit དང་ཕྱིར་ལོག་བཀའ་འཁྲོལ་ཐོངས་མཆན་ Return Visa སོགས་ཞུ་སྒོ་ཆ་ཚང་ Online བརྒྱུད་གནང་རྒྱུ་ཡིན་སྐོར་བཀོད་ཁྱབ་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༨ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་བརྒྱད་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ ནང་ཚུད་སྃ་བྷོ་ཌ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་གཏན་འཁེལ་སྐོར་སྤྱི་དང་། ལྷག་པར་སློབ་ཁག་དེ་དག་ནང་དགེ་རྒན་ལས་བྱེད་གྲངས་ ༡༥༨ ཀྱི་ས་དམིགས་སྟོང་པ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེའི་སྐོར་གསུང་དོན། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་གནས་ཚུལ་བཀོད་ཡོད་པ་ལྟར། སྐྱབས་བཅོལ་ལག་ཁྱེར་དེབ་སྐྱེལ་ Online བརྒྱུད་བྱེད་དགོས་པ་དང་། ཕྱིར་ལོག་བཀའ་འཁྲོལ་ཐོངས་མཆན་ Return Visa ལོ་གཅིག་རིང་ Multi Entry བཟོས་ཡོད་པ་རེད། བཙན་བྱོལ་བོད་མི་ཕྱི་རྒྱལ་དུ་ཕེབས་མཁན་རྣམས་ནས་ཕྱིར་ལོག་བཀའ་འཁྲོལ་ཐོངས་མཆན་ Return Visa ཞུ་དགོས་ཀྱང་། ད་ཆ་ལོ་གཅིག་རིང་ Multi Entry ཞུས་ཏེ་ཕྱི་རྒྱལ་དུ་ག་ཚོད་ཕེབས་ཀྱང་ཚུར་ལོག་ཆོག་གི་ཡོད། དེ་སྔ་ཕྱིར་ལོག་བཀའ་འཁྲོལ་ཐོངས་མཆན་སླད་དཀའ་ངལ་འཕྲད་སྐོར་ཞུ་མཁན་དེ་འདྲ་བྱུང་སོང་།
Return Visa ཐོངས་མཆན་ཞུ་མཁན་རྣམས་ལ་ལོ་གཅིག་རིང་ Multi Entry ཞེས་ཕར་ཐོན་ཕྱིར་ལོག་ཐེངས་གཅིག་ལས་མང་བ་བྱེད་ཆོག་པའི་ཕྱིར་ལོག་ཐོངས་མཆན་ Return Visa གནང་རྒྱུ་དང་། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཡོངས་ནས་ངེས་པར་དུ་ཐུགས་སྣང་དགོས་པ་ཞིག་ལ་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུན་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་ Online ཐོག་དེབ་སྐྱེལ་ཐོ་འགོད་གནང་དགོས།
སྐྱབས་བཅོལ་ལག་དེབ་ online ཐོག་དེབ་སྐྱེལ་ཐོ་འགོད་གནང་ན་དགེ་མཚན་གང་ཡོད་ཅེ་ན། མ་འོངས་པར་ཕྱིར་ཐོན་དང་ཕྱིར་ལོག་ངོས་སྦྱོར་ཞུ་མཁན་ཡིན་ནའང་རེད། སྐྱབས་བཅོལ་ལག་ཁྱེར་དུས་ཡུན་ཕར་འགྱངས་ཞུ་མཁན་ཡིན་ནའང་ Online བཟོས་ཡོད། དེར་བརྟེན་མི་མང་སྤྱི་ཡོངས་ལ་སྟབས་བདེ་པོ་ཆགས་ཀྱི་རེད། འདི་ཚང་མས་མཁྱེན་དགོས།
རྩ་བའི་འདི་ནས་ས་གནས་འགོ་འཛིན་རྣམ་པར་བཀོད་ཁྱབ་བཏང་ཟིན་པ་རེད། ས་གནས་ཀྱི་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ནས་ཀྱང་མཁྱེན་གྱི་ཡོད་པ་རེད། ད་རེས་ངས་བོད་མི་རྣམས་ལ་འབོད་སྐུལ་ཞུ་རྒྱུར། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུན་སྐྱབས་བཅོལ་ལག་ཁྱེར་ Online ཐོག་དེབ་སྐྱེལ་ཐོ་འགོད་མ་བྱས་ན་དོན་མེད་ཅ་ཟིང་པོ་ཆགས་ཀྱི་རེད། དེར་བརྟེན་ཚང་མས་ངེས་པར་དུ་མཁྱེན་པ་གནང་རོགས་གནང་། རྒྱ་གར་གཞུང་གི་འཆར་གཞི་ལ་ཚང་མ་ Online ཐོག་དེབ་སྐྱེལ་ཐོ་འགོད་ཀྱིས་མ་འོངས་པར་ཚང་མ་ Online ཐོག་བྱེད་རྒྱུ་རེད་འདུག འདིའི་སྐོར་ང་ཚོས་རྒྱ་གར་གཞུང་ལ་མང་པོ་ཞུས་པ་རེད། གང་ཡིན་ཞེ་ན། དཔེར་ན། སྦེང་ལོར་ཁུལ་དུ་སློབ་སྦྱོང་བྱེད་མཁན་ཞིག་གི་སྐྱབས་བཅོལ་ལག་ཁྱེར་རྡ་ས་ནས་ཡིན་ན། དུས་ཡུན་ཕར་འགྱངས་སླད་ས་གནས་སུ་ལོག་དགོས་ཀྱི་ཡོད་སྟབས། དེ་ལྟར་མི་དགོས་པ་གནང་རོགས་ཞེས་ཞུས་པ་ལྟར། ད་ཆ་ཚང་མ་ Online བྱེད་རྒྱུ་ཡོད་པ་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན།།