༢༠༡༨ ཟླ་ ༡ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་དེབ་དྲ་ཐོག་དེབ་སྐྱེལ་ཞུ་ཕྱོགས་ online registration ཐད་གསལ་བསྒྲགས་ཐེངས་གཉིས་པ་ཞིག་སྤེལ་བའི་ནང་འཁོད་དོན། རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་ ༡༢༠༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་པའི་ནང་ནས་བོད་མི་ ༣༠༠༠༠ ཙམ་མ་གཏོགས་དྲ་ཐོག་དེབ་སྐྱེལ་བྱས་མེད་པར་བརྟེན། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུད་ལ་སྐྱབས་བཅོལ་ལག་དེབ་ RC ཡོད་མཁན་བོད་མི་ཚང་མས་ངེས་པར་དུ་དྲ་ཐོག་དེབ་སྐྱེལ་ཞུས་ཟིན་པ་དགོས་ཞེས་རྒྱ་གར་གཞུང་གིས་གལ་ཆེ་དོན་ཆེར་བརྩི་ནས་དུས་བཀག་ངེས་ཅན་གཏན་འབེབས་གནང་ཡོད།
དེར་བརྟེན་སྐྱབས་བཅོལ་ལག་དེབ་ཐོག་འབྱུང་འགྱུར་ལོ་གཅིག་གམ་གཉིས། ཡང་ན་གསུམ་བཞི་ཇི་ཙམ་ཕར་འགྱངས་ཐོབ་ཡོད་མིན་ལ་མ་ལྟོས་པར་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནང་ཚུད་དྲ་ཐོག་དེབ་སྐྱེལ་ངེས་པར་དུ་གནང་ཐུབ་པ་དགོས་འདུག གལ་ཏེ་དྲ་ཐོག་དེབ་སྐྱེལ་གནང་མ་ཐུབ་ཚེ་སླར་ཡར་ཕར་འགྱངས་གནང་རྒྱུ་མིན་པ་རྒྱ་གར་གཞུང་གིས་གསལ་པོར་གསུངས།
དེ་ཡང་སྐྱབས་བཅོལ་ལག་དེབ་ཐོག་མར་བཟོ་ཡུལ་ས་གནས་ནས་ད་ལྟ་སོ་སོའི་གནས་ཡུལ་དང་ཕྱག་ལས་གནང་ཡུལ། ཡང་ན་ལས་དོན་གཞན་ཇི་འདྲ་གཉེར་བཞིན་པའི་ས་གནས་འབྲེལ་ཡོད་ལས་ཁུངས་སུ་སྤོ་ transfer དགོས། དཔེར་ན་བཞུགས་སྒར་ཁུལ་དུ་གནས་བཞུགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་ཞིག་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མུས་ཡིན་པ་གང་ཞིག་སྐྱབས་བཅོལ་ལག་དེབ་ཐོག་མར་བཟོ་ཡུལ་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ནས་ཡིན་ཚེ། གོང་གི་དུས་བཀག་ནང་ཚུད་རྒྱ་གར་ལྷོ་ཕྱོགས་འབྲེལ་ཡོད་ལས་ཁུངས་ནས་བཞུགས་སྒར་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་སྤོ་ transfer དགོས། ཅི་སྟེ་སྒེར་ངོས་ནས་ལྷོ་ཕྱོགས་སུ་ཕེབས་མ་ཐུབ་པའི་གནས་སྟངས་ཡོད་ཚེ་ད་ལྟ་ཕྱག་ལས་གནང་ཡུལ་བཞུགས་སྒར་དརྨ་ཤཱ་ལའི་ས་གནས་འགོ་འཛིན་ལས་ཁུངས་སུ་བཅར་ནས་གནས་ལུགས་རྣམས་ཞུ་དགོས། ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་གང་གནང་བའི་ཡིག་ཆ་དེ་དག་བཞུགས་སྒར་ཁུལ་གྱི་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་སུ་འབུལ་དགོས།
དེ་ཙམ་གྱིས་མི་ཆོག་པར་ཅི་སྟེ་ལས་བྱེད་དེའི་འབྲེལ་ཡོད་ནང་མི་སྤུན་མཆེད་སུ་རུང་མེ་སོར་འབྲེལ་ཡོད་ལས་ཁུངས་སུ་བཅར་ནས་ལག་དེབ་གང་མགྱོགས་སྤོ་ transfer གནང་རོགས་ཞེས་འབོད་སྐུལ་གནང་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་འདུག རབ་བྱུང་ན་དོ་དག་རང་ཉིད་བཞུགས་སྒར་ནས་ལྷོ་ཕྱོགས་འབྲེལ་ཡོད་ལས་ཁུངས་སུ་བཅར་རྒྱུ་རེད། ལག་དེབ་སྤོ་ transfer ཟིན་མཚམས་དྲ་ཐོག་གང་མགྱོགས་དེབ་སྐྱེལ་གནང་དགོས།
ལམ་སྟོན།
གལ་ཏེ་དོ་བདག་སོ་སོའི་སྐྱབས་བཅོལ་ལག་དེབ་བཟོ་ཡུལ་རང་དུ་བཞུགས་མུས་ཡིན་ཚེ་དྲ་ཐོག་དེབ་འགོད་བྱེད་སྐབས་དྲ་ཐོག་སྙན་ཞུ་ online application ཞེས་པ་ཁ་ཕྱེ་ནས་དེའི་ནང་སྡེ་ཚན་མི་འདྲ་བ་རིགས་འགའ་ཤས་ཡོད། དཔེར་ན་ལག་དེབ་བཟོ་ཡུལ་ས་གནས་རང་དུ་སྡོད་མཁན་མི་ཞིག་གིས་དེབ་འགོད་བྱེད་སྐབས་ཐོག་མར་ online application ཞེས་པ་ཁ་ཕྱེ་ནས་སོ་སོའི་བཞུགས་ཡུལ་དཔེར་ན་དརྨ་ཤཱ་ལ་ཡིན་ན་ཀངྒ་ར་རྫོངས་ཁོངས་ Kangra Distt འདེམ་དགོས། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཀོ་ལེ་གྷལ་གཞིས་ཆགས་ནང་གནས་བཞུགས་ཡིན་ཚེ་མེ་སོར་རྫོང་ཁོངས་ Mysore Distt སྔོན་ལ་བདམ་སྟེ། དེ་ནས་བོད་མི་ Tibetan ཞེས་པ་འདེམ་དགོས།
ད་བར་དྲ་ཐོག་དེབ་འགོད་བྱེད་མཁན་གང་ཙམ་བྱུང་ཡོད་ནའང་དེར་དབྱེ་བ་ཡོད། དྲ་ཐོག་སྙན་ཞུ་འགེངས་སྐབས་ registration ཞེས་པ་བརྒྱུད་འགེངས་དགོས་ཚེ་དོ་བདག་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་བཟོ་ཡུལ་ས་གནས་སུ་བཞུགས་མཁན་ཡིན་པ་མཚོན་ཐུབ། དེ་མིན་ visa extension ཞེས་པའི་སྡེ་ཚན་དེ་ས་གནས་གཞན་ནས་ཕེབས་མཁན་ཚོས་འགེངས་དགོས། མཐོང་མཆན་འཕར་འགྱངས་ visa extension ཞེས་པ་ནི་ས་གནས་གཞན་ནས་ཕེབས་པ་རྣམས་ཀྱི་ཆེད་དུ་ཡིན། ས་གནས་གཞན་ནས་ཕེབས་པའི་བོད་མི་ཞིག་དརྨ་ཤཱ་ལར་སྐྱབས་བཅོལ་ལག་དེབ་འཕར་འགྱངས་ཞུ་བཞིན་ཡོད་ཚེ་ Visa extension ཞེས་པའི་སྡེ་ཚན་ནང་འགེངས་དགོས།
སོ་སོའི་བཞུགས་ཡུལ་ས་གནས་རང་ནས་བཟོས་པའི་ལག་དེབ་ཡོད་མཁན་ཚོས་ registration ཞེས་པའི་སྡེ་ཚན་གདམ་རྒྱུ་དང་། དཔེར་ན་ས་གནས་གཞན་ཞིག་ནས་ཕེབས་ཏེ་དརྨ་ཤཱ་ལར་བཞུགས་མུས་ཡིན་ན། དོ་བདག་དེའི་སྐྱབས་བཅོལ་ལག་དེབ་ས་གནས་གཞན་ཞིག་ནས་བཟོས་པ་ཡིན་སྟབས་དརྨ་ཤཱ་ལའི་འབྲེལ་ཡོད་ལས་ཁུངས་ནས་འཕར་འགྱངས་ཞུ་སྐབས་ visa extension ཞེས་པའི་སྡེ་ཚན་ཁོངས་གནང་བཞིན་ཡོད་འདུག སྡེ་ཚན་དེའི་ཁོངས་སུ་གཏོགས་པའི་བོད་མི་སུ་འདྲ་ཞིག་ཡིན་རུང་ཐོག་མར་ལག་དེབ་བཟོ་ཡུལ་ས་གནས་སུ་རབ་བྱུང་ན་དོ་བདག་རང་ཉིད་ཕྱིན་ནས་འབྲེལ་ཡོད་ལས་ཁུངས་སུ་བཅར་ཏེ་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་འོག་དརྨ་ཤཱ་ལར་ལག་དེབ་གནས་སྤོ་བྱེད་ཆོག་པའི་ཆོག་མཆན་ཞུ་དགོས། །