༢༠༡༨ ཟླ་ ༡ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སུད་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་བོད་མི་གཞོན་སྐྱེས་རྣམས་ལ་གསུང་བཤད་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གསོལ་སྩལ་མཛད་པའི་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་དང་། བཙན་བྱོལ་བོད་མི་མང་ཚོགས་རྣམས་ཀྱིས་འོས་བསྡུ་སོགས་མང་གཙོའི་ཐོབ་ཐང་ཙམ་མ་ཟད། ལས་འགན་ཡང་འཁྱེར་དགོས་གལ་སྐོར་སོགས་གསུངས།
སྲིད་སྐྱོང་མཆོག་གིས་སུད་སིར་གནས་སྡོད་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༢༠ ལྷག་རིང་སྲི་ཞུ་བསྒྲུབས་མཁན་ཁག་གཅིག་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ། ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་མི་གཞོན་སྐྱེས་ཚོས་ཀྱང་མིག་དཔེ་ཡར་བལྟ་བྱས་ནས་བོད་མིའི་སྒྲིག་འཛུགས་ནང་གང་ཐུབ་ཕྱག་ལས་གནང་ཐབས་དང་། ལྷག་པར་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ Tibet Corps བརྒྱུད་ནས་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཡོད་སྐོར་གསུངས།
དེ་བཞིན་བོད་མི་གཞོན་སྐྱེས་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཐོག་མདུན་བསྐྱོད་ཡོང་སླད། ཕྱར་གྲུ་མཉམ་འདེགས་ཞུ་པར་ཐོག་མར་རང་ཉིད་བོད་མི་ཚད་ལྡན་ཞིག་ཡོང་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། དེའི་ཁར་ཕྱིའི་རྒྱལ་ཁབ་ཀྱི་ཤེས་བྱའི་རྣམ་གྲངས་ཐོག་མཐོང་རྒྱ་ཐོས་རྒྱ་མང་ཙམ་བྱེད་རྒྱུ་མ་ཟད། ཉམས་མྱོང་ཇི་ཙམ་བསགས་ཐུབ་པ་དེ་ཚོད་ཀྱིས་རྒྱན་དུ་འགྱུར་རྒྱུ་ཡིན་པ་ལས། རང་ཉིད་ཤ་ཁྲག་ཙམ་ལས་གཞན་བོད་མི་ཡིན་པའི་ཁུངས་སྐྱེལ་གང་ཡང་མེད་པ་ཞིག་ཆགས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་ཡིན་པར་བརྟེན། གཞོན་སྐྱེས་ཚོས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་དག་མི་ཉམས་རྒྱུན་འཛིན་ཐུབ་དགོས་པ་ཧ་ཅང་གལ་ཆེ་ཡིན་སྟབས། གཟའ་མཇུག་སློབ་གྲྭ་སོགས་བརྒྱུད་ནས་བོད་སྐད་དང་བོད་ཡིག་ལ་ངེས་པར་དུ་སྦྱང་བརྩོན་གནང་རོགས་ཞེས་འབོད་སྐུལ་ཡང་གནང་འདུག
ཉེ་ཆར་ཟླ་ ༡ ཚེས་ ༢༠ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་ ༥ པའི་མཇུག་སྡོམ་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་དབུ་བཞུགས་གནང་བར་བརྟེན། ལས་འགུལ་དེ་དག་ལ་བསྔགས་བརྗོད་གནང་བ་དང་སྦྲགས། འབྱུང་འགྱུར་ལས་འགུལ་དེ་རིགས་མུ་མཐུད་དགོས་པ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་གཙོས་བོད་མི་ཚོགས་བཅར་བ་མི་གྲངས་ ༡༠༠༠ ལྷག་ལྷན་ཞུགས་གནང་འདུག གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇེ་ནེ་ཝ་ Geneva ནང་རྟེན་གཞིས་བྱས་པའི་བོད་ཀྱི་དོན་གཅོད་ཁང་གི་དྲ་རྒྱ་གསར་པ་དབུ་འབྱེད་ཀྱང་གནང་འདུག་པ་བཅས།