༢༠༡༨ ཟླ་ ༡ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་དང་། དུས་སྐབས་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུའི་སླད། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་ནས་རྒྱ་གར་རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་གཏན་འཁེལ་བའི་སྐོར་རྒྱལ་ས་ལྡི་ལིའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ The Press Club of India ནང་ཕྱི་ནང་གི་གསར་འགོད་པའི་ཁྲོད་གསལ་བསྒྲགས་ཤིག་སྤེལ་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་གར་འཕགས་ཡུལ་འདི་ཉིད་བོད་མི་བཙན་བྱོལ་བ་རྣམས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཡོད། ལྷག་པར་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་འཛིན་སྐྱོང་སྤེལ་གསུམ་ཆེད་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དུས་རྟག་ཏུ་རྒྱ་གར་ང་ཚོའི་བླ་མ་དང་ང་ཚོ་རྒྱ་གར་བའི་སློབ་མ་ཡིན། ཞེས་བཀའ་སློབ་ཡང་ཡང་སྩོལ་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་སྐུ་འཚོ་བཞུགས་མཛད་པ་དེས་རྒྱ་གར་དང་བོད་མིའི་དབར་གྱི་བླ་སློབ་ཀྱི་འབྲེལ་བ་དེ་བས་དམ་ཟབ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཧ་ཅང་ཡོང་བཞིན་ཡོད། ཡོངས་གྲགས་སུ་རྒྱ་གར་གྱི་བུ་ཞིག་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་རྗེས་འབྲང་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡཱི་ལེགས་བཤད་གཙོ་བོར་གྱུར་བའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་སླར་གསོ་ཡོང་ཐབས་ཆེད་ཐུགས་བརྩོན་མཛད་བཞིན་པ་མ་ཟད། རིག་གནས་དེ་དག་གཞི་ལ་བཞག་ནས་དེང་དུས་སྤྱི་ཚོགས་དང་མཐུན་པའི་ཐོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་མཐོར་གཏོང་གནང་མཛད་བཞིན་ཡོད།
༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་ས་ཐོག་ཏུ་བཙན་བྱོལ་བའི་ངོ་བོའི་ཐོག་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་༸ཞབས་ཀྱིས་བཅག་ཡོད། སྐབས་དེར་ཁོང་གི་ཐུགས་རྒྱུད་ལ་རང་དབང་གི་ཚོར་སྣང་ཞིག་འཁྲུངས་པ་རེད། དེ་ནི་གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱི་བྱམས་བརྩེ་དང་སེམས་ཐག་ཧ་ཅང་ཉེ་བའི་མཛའ་བརྩེའི་ཚོར་བ་ལ་བརྟེན་ནས་ད་བར་འཛམ་གླིང་ཁྱོན་དུ་ཁོང་གི་མཛད་འཕྲིན་ཉི་མའི་འོད་ཟེར་ཁྱབ་པ་ལྟར་མཛད་འཕྲིན་གོང་ནས་གོང་དུ་འཕེལ་ཐུབ་པ་དང་། བོད་མི་རྣམས་ལ་མཚོན་ནའང་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་ཙམ་མ་ཟད། བོད་ཀྱི་བདེན་པའི་འཐབ་རྩོད་ལའང་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཧ་ཅང་ཐོབ་ཐུབ་པ་བྱུང་ཡོད། དེར་བརྟེན་ང་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་བྱམས་བརྩེ་དང་སེམས་ཐག་ཉེ་བའི་མཛའ་གྲོགས་ཀྱི་འདུ་ཤེས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བོད་མིའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཚེ་རྒྱ་གར་ལའང་རྒྱལ་ཁ་ཐོབ་པ་ཞིག་ཆགས་རྒྱུ་ཡིན། གང་ཡིན་བརྗོད་ན་བོད་མིའི་འཐབ་རྩོད་དེ་རྒྱ་གར་གནའ་རབས་ཀྱི་འཚེ་མེད་ཞི་བ་དང་བྱམས་བརྩེ། ཆོས་ལུགས་རིས་མེད་བཅས་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ཡིན། རྒྱུ་མཚན་དེ་དག་ལ་གཞིགས་ཚེ་རྒྱ་གར་ལའང་དོན་དམ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡང་ཡོད་པ་ལྟ་བུ་ཡིན། ཞེས་གསུངས།
སྐབས་དེར་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མིའི་སྲོལ་རྒྱུན་གྱི་རིག་གནས་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་ཙམ་མ་ཟད། འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་འཐབ་རྩོད་རྒྱུན་སྐྱོང་རྣོ་ངར་ལྡན་པ་ཞིག་ཆགས་ཐུབ་རྒྱུར་མཐུན་འགྱུར་དང་ཁོར་ཡུག་འདི་འདྲ་ཞིག་གནང་བར་ཡི་རང་བསྔགས་བརྗོད་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
དེ་བཞིན་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མེས་པོ་དམ་པ་གཱན་དྷི་མཆོག་གི་སྐུ་གདུང་བཞུགས་གནས་རཱཇ་གྷཌ་ Rajghat ས་གནས་སུ་ཆོས་ལུགས་འདྲ་མིན་བླ་ཆེན་སོགས་ལྷན་འཛོམས་གནང་སྟེ་སྨོན་ལམ་གསུང་འདོན་གནང་རྒྱུ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་གཏན་འཁེལ་ཡོད་པ་དང་། རྟེན་འབྲེལ་བཟང་བའི་སྨོན་ལམ་གསོལ་འདེབས་དེ་བརྒྱུད་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དངོས་སུ་དབུ་འཛུགས་རྒྱུ་རེད། ཕྱི་ཟླ་ ༤ ཚེས་ ༡ ཉིན་ཐྱཱག་རཱཇ་རྩེད་ཐང་ཆེན་མོར་ Thyagaraj Stadium མཛད་སྒོ་གྲ་རྒྱས་ཤིག་ཚོགས་རྒྱུ་དང་། ཚོགས་མགོན་དུ་སླར་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་གཏན་འཁེལ་ཡོད།
མཛད་སྒོ་དེའི་ཐོག་རྒྱ་གར་སྐུ་མགྲོན་གལ་ཆེ་ཁག་གཅིག་གིས་གསུང་བཤད་གནང་རྒྱུ་དང་། བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་དང་། ཚོད་དཔག་བྱས་ན་སྐབས་དེར་མི་གྲངས་ ༥༠༠༠ འདུ་འཛོམས་གནང་རྒྱུ་རེད། ཕྱི་ཟླ་ ༤་ཚེས་ ༢ ནས་ ༤ བར་རྒྱ་གར་རྒྱལ་སྤྱི་ལྟེ་གནས་ཁང་ India International Centre དུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་སྐབས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དང་། སྨན་རྩིས་ཁང་གི་འགྲེམས་སྟོན་སོགས། དེ་བཞིན་བོད་མིའི་སྲོལ་རྒྱུན་ཟ་མ་སོགས་མདོར་ན་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་གི་རྣམ་པ་འདྲ་མིན་འགྲེམས་སྟོན་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ཕྱི་ཟླ་ ༤ ཚེས་ ༥ ནས་ ༧ བར་ལྡི་ལི་ཧཌ་ Delhi Haat ཞེས་པའི་ས་གནས་སུ་དེ་མཚུངས་བོད་མིའི་ཐུན་མིན་སྲོལ་རྒྱུན་གྱི་རྒྱན་གོས། ཟ་མ་སོགས་འགྲེམས་སྟོན་རྒྱ་ཆེ་གནང་གཏན་འཁེལ་ཡོད།
གསར་འགོད་གསལ་བསྒྲགས་སྐབས་དེར་ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་བཅས་ཕེབས་ཡོད།
སྐབས་དེར་གསར་འགོད་པར་མཚོན་ན་རྒྱ་གར་དང་རྒྱལ་སྤྱིའི་ནང་གསར་འགྱུར་ལས་ཁུངས་གྲགས་ཆེ་བ་ ༤༠ ཙམ་ཕེབས་ཡོད་པ་ནི་དཔེར་ན། རྒྱ་གར་དུས་བབ་གསར་ཁང་The Times of India དང་། ཊི་བྷུན། Tribune པི་ཊི་ཨ་ཡི། PTI བཅས་དང་། གཞན་ཡང་གསར་འགྱུར་བརྙན་འཕྲིན་ཚན་པ་ཨེན་ཌི་ཊི་ཝི་ NDTV དང་། རྒྱ་གར་གཞུང་གི་བརྙན་འཕྲིན་གསར་འགྱུར་ཚན་པ་ཌི་ཌི་གསར་ DD News འགྱུར་སོགས་ཕེབས་འདུག།