ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ རེ་གཟའ་ཕུར་བུ།
༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞུ་གཏུག་གནང་ཡོད། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨན་ཊོ་ནིའོ་ལགས་ཀྱིས་ཉན་ཞིབ་ཀྱི་ཚོགས་འདུ་དེ་གཙོ་སྐྱོང་གནང་བ་རེད།
དེ་ཡང་ཉན་ཞིབ་ཀྱི་ཚོགས་འདུའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེས་གཞིས་ལུས་བོད་མི་ཡོངས་ལ་རེ་བའི་བརྡ་ལན་བཟང་པོ་ཞིག་སྤྲད་ཡོད། ཅེས་དང་།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུང་དོན། འདི་ལོ་ནི་བོད་རྒྱ་ནག་གི་བཙན་དབང་འོག་གནས་ནས་མི་ལོ་ ༦༠ འཁོར་གྱི་ཡོད་པ་དང་། ལོ་ངོ་འདི་དག་རིང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ལ་ཆབ་སྲིད་ཐོག་དྲག་གནོན་དང་། དཔལ་འབྱོར་གྱི་བཤུ་གཞོག ཁོར་ཡུག་གཏོར་བཤིག མི་རིགས་དབྱེ་འབྱེད་བྱས་དང་བྱེད་བཞིན་ཡོད། ད་ལྟའི་བོད་ནང་གི་གནས་སྟངས་ནི་རིག་གནས་གསར་བརྗེ་བསྐྱར་གསོ་བྱས་པ་ལྟ་བུ་འོག་ཡོད་པ་དང་། འདས་པའི་ལོ་ངོ་ ༡༠ རིངབོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་སྔ་ལས་ཇེ་སྡུག་ཏུ་ཕྱིན་པར་བརྟེན། ང་ཚོས་ཤེས་རྟོགས་ལྟར་ན། བོད་ནང་ད་བར་སེར་སྐྱ་ཕོ་མོ་ཁྱོན་མི་གྲངས་ ༡༥༡ ལྷག་གིས་རྒྱ་ནག་གཞུང་གིས་བོད་ཐོག་་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་ལག་བསྟར་བྱས་དང་བྱེད་བཞིན་པ་དེ་དག་ལ་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ནས་མཐའ་ན་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་ཚུན་ཆད་བློས་བཏང་ཡོད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ནས་བླ་རུང་སྒར་ནང་བསྟན་སློབ་གླིང་ནས་གྲྭ་བཙུན་ ༥༠༠༠ ཉུང་དུ་བཏང་ཡོད་པ་དང་། དེ་བཞིན་དུ་ཡ་ཆེན་སྒར་ནས་གྲྭ་བཙུན་ ༢༠༠༠ ནས་ ༣༠༠༠ ཙམ་ཉུང་དུ་བཏང་ཡོད། ད་བར་གྲྭ་ཤག་ ༡༥༠༠ ཙམ་གཏོར་བཤིག་དང་གྲྭ་བཙུན་ ༤༦༠༠ ཙམ་ཕྱིར་འབུད་བཏང་འདུག རྒྱ་གཞུང་གིས་བཙན་དབང་དང་སུན་གཙེར་འོག་བཙུན་མ་རིག་འཛིན་སྒྲོལ་མ་ལགས་དང་། ཚེ་རིང་སྒྲོལ་མ་ལགས། སེམས་དགའ་ལགས་གསུམ་ནས་རང་སྲོག་འདོར་དགོས་བྱུང་ཡོད།
ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ Freedom House ཞེས་པས་ཕྱི་ལོ་ ༢༠༡༧ ལོའི་དྲ་རྒྱའི་རང་དབང་། ཞེས་པའི་སྙན་ཐོ་ཞིག་བཏོན་པ་ལྟར་ན། འཛམ་གླིང་ནང་ཆེས་དམ་བསྒྲགས་ཆེ་བའི་ལུང་པ་ཨང་དང་པོ་དེ་སི་རི་ཡ་ Syria ཡིན་པ་དང་། ཨང་གཉིས་པ་བོད་ཡིན་པ་བཀོད་ཡོད། རྒྱལ་སྤྱིའི་གསར་འགོད་པ་ཚོས་བརྗོད་པ་ལྟར་ན། བྱང་ཀོ་རེ་ཡ་ལས་ཀྱང་བོད་ནང་གནས་ཚུལ་བསྡུ་ལེན་བྱེད་པར་ཁག་པོ་ཡོད་པ་བཀོད་འདུག རྒྱ་ནག་གི་གསར་འགོད་པ་དང་ཤེས་ཡོན་པ་སོགས་ཡུ་རོབ་ནང་ཡང་ཡང་ལྟ་སྐོར་དུ་བསྐྱོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཡུ་རོབ་ནང་གི་གསར་འགོད་པ་ཚོ་ཅིའི་ཕྱིར་བོད་ནང་དུ་ལྟ་སྐོར་དུ་འགྲོ་འཇུག་གི་མེད་དམ། ཞེས་དང་། ཕྱོགས་མཚུངས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་སྐོར་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞུ་གཏུག་སྐབས་ཚོགས་ཞུགས་པ་མི་གྲངས་ ༥༠ ལྷག་གིས་དང་ལེན་ཞུས་འདུག་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་རྣམས་དང་། ཡུ་རོབ་གྲོས་ཚོགས་ཀྱི་ལས་བྱེད། ལྕམ་བདེ་རན་ Ms Deren Derya, External Action Service ལགས། ཆབ་སྲིད་སློབ་སྟོན་པ་རྣམ་པ། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཕྱག་རོགས་གནང་མཁན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་འཐུས་མི་སོགས་ལྷན་ཞུགས་གནང་ཡོད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ Csaba Sogor ལགས་དང་། མོ་ལེ་སི་ཁོ་ཊི་ Molly Scott Along ལགས་རྣམ་གཉིས་ཀྱིས་་གོ་སྒྲིག་ཞུས་པའི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་མཉམ་ཞུགས་ཀྱིས་ཡོ་རོབ་སྤྱི་མཐུན་ཚོགས་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཨ་མ་ལྟ་བུ་ཡིན་པ་དང་ཨ་རི་ནི་དབུ་མའི་ལམ་སྲིད་བྱུས་ཀྱི་ཕ་ལྟ་བུ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། ཡོ་རོབ་སྤྱི་མཐུན་ཚོགས་པས་དབུ་མའི་ལམ་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་འདེམས་ཀ་གཞན་མེད། ཅེས་གསུངས་ཡོད། །