ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་ཡུ་པི་ (Uttar Pradesh)མངའ་སྡེའི་ས་གནས་ཧ་པུར་ (Hapur) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་ (International Buddha Education Institute) གི་དཔེ་མཛོད་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་རྒྱབ་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་སློབ་གཉེར་ཁང་གི་དཔེ་མཛོད་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོར་ཆེད་བཅར་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །