༢༠༡༨ ཟླ་ ༡ ཚེས་ ༧ རེས་གཟའ་ཉི་མ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༧ ཉིན་༸གོང་ས་མཆོག་གིས་རྒྱ་གར་ནཱ་ལེནྡྲའི་རིག་གཞུང་རྗེས་འཛིན་པའི་གདུལ་བྱ་གཙོ་བོར་གྱུར་བའི་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་མཛད་རྗེས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཕྱག་དེབ་དབུ་འབྱེད་མཛད་ཡོད།
དེ་ཡང་སྐབས་དེར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ལོ་མང་རིང་ནས་ངོ་ཤེས་དངོས་གནས་ཤ་ཚ་དང་རྣམ་དཔྱོད་ལྡན་པ་ཁྱེད་རང་དང་། དེ་རིང་འདིར་ཆེད་མངགས་འདུས་པ་དེ་འདྲའང་ཕལ་ཆེར་ཡོད། གཞན་ཡང་འདིར་འཛོམས་པའི་སེར་སྐྱ་མི་མང་སྤྱི་བྱིངས་ཚང་མར་ཞུ་རྒྱུར། དེ་རིང་འདིར་དམིགས་བསལ་ཞིག་ཆགས་ཡོད། ཚན་རིག་ཀུན་བཏུས་དེབ་གཅིག་བཏོན་ནས་འདིར་ཨིན་སྐད་ནང་བསྒྱུར་བ་འདི་དབུ་འབྱེད་སླད་ཆེད་མངགས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གདན་འདྲེན་ཞུས་པ་ལྟར་ཁོང་འདིར་ཕེབས་ནས་དབུ་འབྱེད་གནང་ཐུབ་པ་རེད། བློན་ཆེན་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁོང་འདི་འདྲར་དམིགས་བསལ་དོ་སྣང་ཡོད་མཁན་ཞིག་རེད་འདུག རྒྱལ་ས་པཌ་ནར་ Patna ནང་དུ་བསྟི་གནས་ཤིག་བཙུགས་ནས་སྔ་མོ་ངོས་རང་ཕྱིན་པ་ཡིན། ཁོང་གིས་དམིགས་བསལ་དོ་སྣང་ཞིག་གནང་བཞིན་འདུག ང་ཚོ་ཆོས་ཕྱོགས་ཐོག་ནས་བཤད་པ་ཡིན་ན་ཕལ་ཆེར་ལོ་ངོ་སྟོང་ཕྲག་སྔོན་ནས་གཅིག་བྱས་ན་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ནས་ལས་འབྲེལ་ཡོད་པ་དེ་འདྲ་ཡོང་མི་སྲིད་པའང་མ་རེད། བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཆགས་རྒྱུའི་ལས་སྐབས་དེ་དུས་ནས་གཅིག་བྱས་ན་བསགས་ཡོད་སྲིད། བློན་ཆེན་མཆོག་ཧ་ཅང་བྲེལ་བ་ཡོད། མཛད་བྲེལ་ཆེན་པོ་ཞིག་ངང་ནས་དེ་རིང་འདིར་ཆེད་མངགས་ཕེབས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེབ་འདི་འདྲ་ཞིག་བཟོ་རྒྱུ་དེ་ཐོག་མར་ང་ཚོ་རྒྱ་གར་དུ་འབྱོར་མཚམས་བཙན་བྱོལ་བ་བྱས། སོ་སོའི་ལུང་པའི་ནང་གི་དཀའ་ངལ་དེ་དག་བྱས་ནས་ང་ཚོ་འཐོམ་མ་སངས་བར་ལོ་འགའ་ཤས་དེ་འདྲའི་ངང་བསྡད་པ་རེད། དེ་ནས་རིམ་བཞིན་འཛམ་གླིང་ནང་ངོ་ཤེས་མང་པོ་ཆགས། ལྷག་པར་མཁས་པའི་དབང་པོ་ཚན་རིག་པ་དེ་འདྲ་མང་པོ་ཞིག་དང་ཐུག་སྐབས་གཞི་ནས་ང་ཚོ་ཆུང་དུས་སློབ་སྦྱོང་བྱས་པའི་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་རིག་གནས་དེ་ཚོ་འཛམ་གླིང་འདིའི་སྟེང་དུས་རབས་ ༢༠ དང་ ༢༡ ནང་འདིར་འབྲེལ་བ་ཡོད་པ་ཞིག་མངོན་གསལ་དོད་པོ་ཞིག་ཆགས་བཞིན་འདུག
དེ་འདྲ་ཡིན་སྟབས་ང་ཚོས་ནམ་རྒྱུན་བཀའ་འགྱུར་བསྟན་འགྱུར་ཞེས་གཞུང་ལུགས་རྒྱ་ཆེན་པོ་སློབ་གཉེར་གནང་མཁན་ཚོས་བལྟ་བ་མ་གཏོགས་གཞན་དད་པ་བྱེད་ཡུལ་ཙམ་ཞིག་ལ་བརྩི་ནས་འགྲོ་སྲོལ་ཡོད། གང་ལྟར་བཀའ་འགྱུར་བསྟན་འགྱུར་གཞུང་དེ་དག་ནང་དུ་པོ་ཏི་ ༣༠༠ ལྷག་ཡོད་པ་དེ་དག་ནང་གི་བརྗོད་བྱ་སྡེ་ཚན་དུ་ཕྱེ་བ་ཡིན་ན་སེམས་ཁམས་རིག་པ་དང་། དེ་བཞིན་ཚད་མ་རིག་པ་དེ་ཚོ་སྤྱིར་སྟངས་ཤེས་ཡོན་ནང་གཞག་ཆོག་པ་ཞིག་རེད་འདུག
ལྷག་པར་དེང་སང་རྣམ་རྟོག་གི་གཞན་དབང་དུ་གྱུར་བའི་དབང་གིས་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་ཞིག་ང་ཚོའི་མཐོང་ཆོས་སུ་ཡོད་པ་འདི་རེད། དེ་ལྟ་བུ་སེམས་རྣམ་རྟོག་གི་གཞན་དབང་དུ་ཕྱིན་ནས་མདོར་ན་ཆགས་སྡང་གི་གཞན་དབང་དུ་ཕྱིན་པའི་རྐྱེན་གྱིས་དཀའ་ངལ་ཧ་ཅང་མང་པོ་ཞིག་ཡོད་དེ་དག་སེལ་རྒྱུར་གོ་མཚོན་བེད་སྤྱོད་བྱས་ནས་ཡོང་ཐབས་མེད། རྒྱུ་དངོས་པོའི་ཐོག་ནས་ཀྱང་སེལ་ཐབས་མེད། སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ནང་ལ་རེ་དོགས་མང་པོ་ཡོད་པ་དེ་དག་རྩ་བ་ཆགས་སྡང་ལ་བརྟེན་པ་དེ་ཚོའི་གྲས་ཏོག་ཙམ་འགྲོ་སྟངས་གང་འདྲ་ཡིན་པ་གཅིག་ཤེས།
གང་ལྟར་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་ཡིན་ན་རང་གཞན་གཉིས་ཕུང་མ་གཏོགས་མེད་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ། ཚེ་ཕྱི་མའི་སྐད་ཆ་ཤོད་ཀྱི་མེད། ཐར་པ་དང་ཐམས་ཅད་མཁྱེན་པའི་སྐོར་ཡང་བཤད་ཀྱི་མེད། ཉིན་རེའི་མི་ཚེའི་ནང་ལ་དེ་དག་གིས་ཕན་གནོད་གང་ཡོང་མིན་མང་ཙམ་ཤེས་ཐུབ་ན་ཕན་ཐོགས་ཧ་ཅང་ཡོད། དེར་བརྟེན་ང་ཚོའི་བཀའ་འགྱུར་བསྟན་འགྱུར་ནང་གསུངས་བཞག་པ་སེམས་ཁམས་རིག་པའི་སྐོར་དང་། སེམས་ཁམས་རིག་པའི་སྐོར་ལ་དཔྱད་པ་བྱེད་སྐབས་ལུང་ནས་གསུངས་འདུག་ཟེར་ནས་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་རིག་པས་དཔྱད་པ་བྱས་ནས་གཏན་ལ་དབབ་རྒྱུ་ཞིག་ཡོད་པར་བརྟེན་བཀའ་འགྱུར་བསྟན་འགྱུར་ནང་པའི་དཔེ་ཆ་རེད། ཅེས་བཞག་པ་ཡིན་ན་མ་འགྲིག་པ་ལྟ་བུ་མཐོང་བྱུང་།
དེར་བརྟེན་བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ནང་ལ་བརྗོད་བྱའི་ཆ་ནས་དབྱེ་བ་འབྱེད་སྐབས་ཚན་རིག་གི་སྡེ་ཚན་གཅིག ལྟ་གྲུབ་ཀྱི་སྡེ་ཚན་གཅིག ཆོས་ཀྱི་སྡེ་ཚན་གཅིག་ཡོད་པ་རེད་འདུག ཆོས་ཕྱོགས་སྐོར་དེ་དག་ནང་པ་ཚོས་ཉམས་ལེན་བྱ་རྒྱུ་རེད་མ་གཏོགས་གཞན་ཚོར་འབྲེལ་བ་དེ་ཙམ་མེད། ལྟ་གྲུབ་ཐོག་ནས་དཔེར་ན་ཚད་རྡུལ་དངོས་ཁམས་རིག་པར་ quantum physics མཚོན་ན་སངས་རྒྱས་པའི་དཔལ་ནཱ་ལེནྡཱི་མཁས་པའི་དབང་པོ་ཚོའི་ལྟ་གྲུབ་ནང་སྐབས་དེ་དུས་ནས་ཐུགས་སྣང་དང་རིག་པས་དཔྱད་པ་བྱས་ནས་གཏན་འབེབས་གང་ཙམ་གནང་འདུག
དེ་ནས་སེམས་ཁམས་རིག་པ་རེད། སྒོ་ལྔའི་ཤེས་པ་དང་ཡིད་བློའི་འགྲོ་སྟངས་དེ་དག་ཞིབ་ཚགས་པོ་ཞིག་ཡོད་པ་ཡིན་སྟབས་འདི་ང་ཚོས་སྤྱིར་བཏང་གི་ཤེས་ཡོན་ནང་བཞག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་བྱེད་ཐུབ་པ་ཞིག་རེད་ལ་བྱ་དགོས་པ་ཞིག་ཀྱང་རེད་འདུག འདི་ལྟར་བྱས་ནས་བཀའ་བསྟན་པོད་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེའི་ནང་ནས་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་སྐོར་དེ་དག་ཟུར་དུ་ཕྱེ། དེ་ནས་ལྟ་གྲུབ་སྐོར་ཞིབ་ཚགས་ཙམ་བྱུང་བ་ཡིན་ན་ལྟ་གྲུབ་སྐོར་ལ་ཉམས་ཞིབ་བྱེད་མཁན་ཚོར་དེས་ཕན་རྒྱུ་རེད། ལོ་བཅུ་གྲངས་ཕྱིན་པ་རེད། ལོ་བཅུ་བཅོ་ལྔ་ཕྱིན་པ་རེད། དེ་འདྲ་ཞིག་བྱེད་ཐུབ་ན་ཡག་པོ་མེད་དམ་ཞེས་ཐོག་མར་འགོ་སྟོད་རྒྱ་གར་ལྷོ་ཕྱོགས་སུ་སྐབས་ཤིག་མཁས་དབང་མང་པོ་ཡོད་སར་ངོས་ཀྱིས་བསམ་ཚུལ་དེ་ཞུས་པ་ཡིན། ཚང་མས་བསམ་ཚུལ་དེ་ཡག་པོ་འདུག ཅེས་གསུངས་བྱུང་།
དེ་ནས་ཆེད་མངགས་ང་ཚོས་དགེ་བཤེས་རྣམ་པ་ཚོ་དང་ཐུག་ནས་དེའི་ཐོག་ལ་ཉམས་ཞིབ་བྱས་ནས་དེབ་བཏོན་པ་རེད། དགེ་བཤེས་རྣམ་པ་ཁྱེད་རང་ཚོས་ཀྱང་ཧུར་ཐག་འབད་ཐག་ཉམས་ཞིབ་བྱས་ནས་གང་ལྟར་གཞུང་ཚན་འདི་འདྲ་ཞིག་བཏོན་པ་རེད། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་དང་ཆབས་གཅིག་སྐད་ཡིག་གཞན་དཔེར་ན་ཨིན་ཡིག་དང་རྒྱ་ཡིག དེ་བཞིན་ཧིན་སྐད་ནང་སྒྱུར་འགོ་བརྩམས་ཡོད་ཀྱང་ད་ལྟ་གྲུབ་མེད། དེ་བཞིན་སོག་སྐད་དང་ཨུ་རུ་སུའི་སྐད་དེ་དང་དེ་འདྲ་བའི་སྐད་ཡིག་མང་པོའི་ནང་ལ་དོ་སྣང་བྱས་ནས་སྒྱུར་རྒྱུ་འགོ་བཙུགས་ཡོད། དེར་བརྟེན་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་སྐོར་དེ་དག་ཤེས་ཡོན་སྡེ་ཚན་ནང་བཞག་ནས་མི་སྤྱི་ལ་ཁྱབ་ཐུབ་པ་ཞིག་དགོས། དེའི་དགོས་མཁོ་ཡོད་མེད་གོང་དུ་ངོས་ཀྱིས་ཞུ་ཡག་དེ་རེད།
འཛམ་གླིང་འདི་སྲིད་པ་རྣམ་རྟོག་གི་གྲོང་ཁྱེར་རེད་ཀྱང་རེད་ལ་དེ་མཚུངས་ཧ་ཅང་འཁྲུག་པོའང་འདུག ཤེས་ཡོན་ཐོག་ནས་སློབ་སྦྱོང་སྤྲད་ནས་བསམ་བློའི་རྣམ་རྟོག་དེ་དག་རྒྱུ་ཇི་འདྲ་ཞིག་དང་རྐྱེན་ཇི་འདྲ་ཞིག་ལ་བརྟེན་ནས་ཡོང་བཞིན་ཡོད་པ། དེའི་བྱེད་ལས་གང་འདྲ་ཡོང་བཞིན་ཡོད་པ་དེ་ཚོར་དམིགས་བསལ་སློབ་སྦྱོང་བྱས་ནས་འཕྲོད་བསྟེན་གྱི་དོན་དུ། ལུས་པོའི་འཕྲོད་བསྟེན་དང་ཆབས་གཅིག་སེམས་ཀྱི་འཕྲོད་བསྟེན་དང་འབྲེལ་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་ཡོང་ཡག་ཞིག་རེད།
མི་མང་པོ་ཞིག་དང་སྐད་ཆ་ཤོད་སྐབས་དེར་མོས་མཐུན་དང་ཚན་རིག་པའི་ནང་ནས་མང་པོ་ཞིག་གིས་དེར་མོས་མཐུན་དང་རྒྱབ་སྐྱོར་ཡོང་བཞིན་འདུག དེར་བརྟེན་དེ་རིང་དེབ་འདི་འདྲ་ཞིག་ཐོན་ཐུབ་ཡོད། རིམ་བཞིན་འདིའི་འགྲོ་དོན་རྒྱ་ཆེ་ཙམ་ཡོང་ཐུབ་ཡག ནང་ཆོས་སྤེལ་རྒྱུའི་སྐད་ཆ་མིན། ནང་ཆོས་ཀྱི་ནང་ནས་མི་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་པ་གང་འདུག་དེའི་ཐོག་བསམ་བློ་གཏོང་རྒྱུ་རེད། འདི་འོས་པ་ཞིག་ཀྱང་རེད། ཆོས་ལུགས་སྤེལ་བའི་སྐད་ཆ་མིན། འཇིག་རྟེན་བཀོད་པ་པོ་ཡོད་མེད་སྐད་ཆ་དེ་དག་འདིར་དགོད་མེད། སེམས་ཁམས་རིག་པའི་སྐོར་དང་ཚད་མ་རིག་པའི་སྐོར་རེད། རིམ་བཞིན་ཉམས་ཞིབ་བྱས་ནས་ལེགས་སྐྱེས་འབུལ་ཡག་ཡོང་མདོག་ཁ་པོ་རེད། ལར་ནས་ང་ཚོས་ཤོད་བཞིན་པའི་རིག་གཞུང་འདི་དག་རྩ་བ་རྒྱ་གར་ནས་རེད། ནཱ་ལེནྡཱི་མཁས་པའི་དབང་པོ་ཚོས་དངོས་གནས་རྒྱ་གར་དུ་དེའི་ཚེ་དེའི་དུས་ཡོད་པའི་སེམས་ཁམས་རིག་པའི་སྐོར་ཞི་གནས་དང་ལྷག་མཐོང་སྐོར་གྱི་ཤེས་ཡོན་ཞིག་ཡོད་པ་དེ་དག་གཞི་མར་བཞག་ནས་བཅོམ་ལྡན་འདས་རང་ཉིད་ཀྱིས་ཉམས་ཞིབ་གནང་ནས་བསྐལ་བ་མང་པོའི་རིང་ལ་གོམས་པ་དེ་འདྲང་ཡོད་པ་རེད།
གང་ལྟར་ཐུན་མོང་སྣང་ངོར་དེའི་ཚེ་དེའི་དུས་རྒྱ་གར་དུ་ཡོད་བཞིན་པའི་རིག་གཞུང་དེའི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་དེ་འདྲ་ཞིག་བྱུང་བ་རེད། ཁོང་གི་རྗེས་འབྲང་ནང་ལ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་ཕྱོགས་གླང་ཆོས་གྲགས་ལ་སོགས་པ་དེ་ཚོའི་གྲས་དངོས་གནས་ལྟ་གྲུབ་དང་རིག་པ་སྨྲ་བ་ཧ་ལས་པ་རེད། མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད།
ང་ཚོ་བོད་ལ་མཚོན་ནའང་མཁན་ཆེན་ཞི་བ་འཚོའམ་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡཱི་རིག་གཞུང་དེ་དག་བོད་ལ་ཐོས་བསམ་སྒོམ་གསུམ་ཐོག་ཟུང་དུ་འབྲེལ་ནས་བདག་པོ་བརྒྱབ་པ་དེ་ཧ་ལས་པ་བྱུང་འདུག བོད་ལ་ནཱ་ལེནྡཱི་མཁས་པའི་དབང་པོའི་གཞུང་དེ་དག་རྩ་བ་བློར་འཛིན། འགྲེལ་བ་ཚིག་རེ་རེ་བཞིན་བཤད་པ་བྱས་དེའང་གཙོ་བོ་རྒྱ་འགྲེལ་ལ་ཁུངས་བཅོལ་ནས་བཤད་པ་བྱས། དེ་དག་གཏན་འབེབས་སྐབས་དགག་བཞག་སྤོང་གསུམ་ཐོག་ནས་གཏན་ལ་དབབ་རྒྱུ་དེ་འདྲ་ཞིག་སྒང་ལ་ང་ཚོས་བདག་པོ་བརྒྱབ་ནས་ཡོད་པ་འདི་འབྱུང་ཁུངས་རྒྱ་གར་རེད།
ནཱ་ལེནྡཱི་མཁས་པ་དེ་དག་འབྱུང་ཁུངས་རྒྱ་གར་རེད། བར་སྐབས་ཉམས་ཆག་ཕྱིན་པ་དེ་དག་གཞི་ནས་སླར་གསོ་བྱ་རྒྱུའི་གོ་སྐབས་འདི་འདྲ་ཞིག་སྒང་ལ་བསླེབས་ཡོད། རྒྱ་གར་རིག་གཞུང་འདི་ལྟ་བུ་ཞིག་ལ་ང་ཚོས་སློབ་སྦྱོང་བྱེད་པ་ཡིན་ན་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད། ཕན་ཐོགས་ཡོད་པའི་རིག་གཞུང་འདི་རྩ་བའི་བདག་པོ་རྒྱ་གར་བ་རེད། རྒྱ་གར་ལུང་པའི་ནང་འདི་རིམ་བཞིན་བསྐྱར་གསོ་བྱ་ཐུབ་པ་ཞིག་བྱུང་ན། ང་ཚོས་རྒྱ་གར་གྱི་ཆོས་བརྒྱུད་ཚང་མར་ཞབས་འདེགས་ཞུ་ཐུབ་ཡག་མེད། ནཱ་ལེནྡཱི་ཆོས་བརྒྱུད་དེ་ང་ཚོས་ལོ་ངོ་སྟོང་ཕྲག་རིང་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀམ་ལ་ཤི་ལའི་རྗེས་འབྲང་ཐོག་ནས་ང་ཚོས་རིག་གཞུང་དེ་དག་ལ་སློབ་སྦྱོང་བྱས། ཉམས་ལེན་བྱས། མྱོང་བ་ཐོན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་འདི་ང་ཚོས་རྒྱ་གར་ནང་ལ་ལེགས་སྐྱེས་འབུལ་ཐུབ་པ་ཞིག་དང་སྐྱར་གསོ་བྱ་ཐུབ་རྒྱུའི་རེ་བ་ཏན་ཏན་ཡོད་པ་ལྟ་བུ་འདུག
བར་སྐབས་ནས་ངོས་ཀྱིས་རྒྱ་གར་ལུང་པ་མང་པོའི་ནང་འདི་ལྟར་ཤོད་བཞིན་ཡོད། དོ་སྣང་ཧ་ཅང་བྱེད་བཞིན་འདུག རྒྱ་གར་ནང་གི་གཙུག་ལག་སློབ་གྲྭ་མང་པོས་ཐོག་ནས་དོ་སྣང་བྱེད་བཞིན་འདུག
དོ་སྣང་བྱེད་མཁན་ཡོད་པའི་སྐབས་འདིར་སློབ་སྦྱོང་སྤྲོད་རྒྱུ་དང་སློབ་སྦྱོང་བྱེད་སའི་དེབ་དེ་འདྲ་དགོས་པ་རེད། དེར་བརྟེན་དེབ་འདིས་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད་བསམ་དྲན་བཞིན་འདུག
ཕྱོགས་གཅིག་ནས་ང་ཚོ་བོད་པ་རེད། དེའི་ངོས་ན་བཤད་ན་བཀའ་བསྟན་པོ་ཏི་ ༣༠༠ ལྷག་ཙམ་ཡོད་པ་དེ་དག་ཚང་མ་བོད་ཡིག་ནང་ཡོད། དེང་སྐབས་དཔལ་ནཱ་ལེནྡཱི་སེམས་ཁམས་རིག་པ་དང་འབྲེལ་བའི་ལྟ་གྲུབ་ཞིབ་ཅིང་ཕྲ་བ་སྤུས་དག་པོ་ཞིག་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་བོད་སྐད་ལེགས་ཤོད་རེད།
འདི་ང་ཚོ་བོད་མིའི་གཟི་བརྗིད་ཞིག་ཀྱང་རེད། སྔོན་གྱི་བོད་ཀྱི་མེས་པོ་ཚོས་སྐུ་ངལ་ཧ་ཅང་བསྐྱོན་ཡོད། སྐུ་ངལ་བསྐྱོན་ནས་རྒྱ་གར་འཕགས་པའི་ཡུལ་གྱི་དེའི་ཚེ་དེའི་དུས་ཀྱི་ཤེས་ཚད་ཇི་འདྲ་ཞིག་ཡོད་པ་ཕལ་ཆེར་དེ་དང་མཚུངས་པ་ཞིག་བོད་ཀྱི་མེས་པོ་ཚོས་མཛད་འདུག རྒྱ་གར་གྱི་གཞུང་ལུགས་དེ་དག་གི་འགྲེལ་པ་དང་ཡང་འགྲེལ་བོད་ཀྱི་མཁས་པས་བརྩམས་པ་པོ་ཏི་ཁྲི་ཕྲག་འགའ་ཤས་ཡོད། ནང་པའི་ལུང་པ་གཞན་ནང་དེ་འདྲ་མིན་འདུག
འདི་བོད་མི་རིགས་ཀྱི་རྣམ་དཔྱོད་དང་བརྩོན་པ་མི་རབས་ནས་མི་རབས་བྱས་ནས་འབད་བརྩོན་གནང་བ་དེ་དག་ཧ་ལས་པ་ཞིག་འདུག བོད་མིི་རིགས་ཀྱི་མཚན་མཐོང་དང་བོད་མི་རིགས་ཀྱི་གཟི་བརྗིད་རེད་འདུག དེར་བརྟེན་གལ་ཆེ་ཤོས་དངོས་ཡོད་གནས་ཚུལ་ཐོག་ནས་ལོ་ནས་ལོ་བསྟུད་ནས་སྐུ་ངལ་སྐྱོན་མཁན་ཁྱེད་རང་ཚོ་རེད། བྱས་རྗེས་ཁྱེད་རང་ཚོའི་བྱས་རྗེས་རེད། འོན་ཀྱང་ངོས་ལ་མིང་སྐམ་པོ་ཞིག་ཡོད་སྟབས་བྱས་རྗེས་ཀྱི་ངོ་སོ་དེ་ངོས་ཀྱིས་འཁྱེར་བཞིན་ཡོད།
ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ང་ཚོ་བོད་པའི་ངོས་ནས་མཚོན་ནའང་འདི་ལྟ་བུའི་རིག་གཞུང་གཏིང་ཟབ་ཡོད་པ་འདི་དད་པ་གཅིག་པུས་ཐོག་ནས་འགྲོ་རྒྱུ་མ་རེད། སློབ་སྦྱོང་བྱ་དགོས། ང་ཚོའི་བོད་རིགས་རྒན་རྒོན་ཚོས་ཀྱང་གང་ཐུབ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་བརྗོད་ཞིག་དྲན་བྱུང་། ངོས་ཀྱི་ཨ་མ་ལགས་ཐོག་མར་རྒྱ་གར་དུ་འབྱོར་སྐབས་བོད་ཡིག་ཀློག་མཁན་རྒྱུ་མ་རེད། འོན་ཀྱང་ང་ཚོ་རྒྱ་གར་དུ་འབྱོར་མ་སུ་རི་ནས་འགོ་བཙུགས་ནས་ཨ་མ་ལགས་ཀྱིས་བོད་ཡིག་བཀླག་རྒྱུར་ཨུ་ཚུགས་ཧ་ཅང་བསྐྱོན་ནས་མཐར་མདོ་དེ་འདྲ་ཨ་མ་ལགས་ཀྱི་བཀླགས་པ་རེད། ཨུ་ཚུགས་བསྐྱོན་ནས་དེ་འདྲ་བྱུང་བ་རེད། གཞན་ང་ཚོ་ཟི་ལིང་པ་རེད། ཟི་ལིང་པས་རྒྱ་སྐད་ཆག་པོ་ཞིག་བརྒྱབ་ཡོང་། བོད་སྐད་དེ་ཙམ་མི་ཤེས། འོན་ཀྱང་ཨུ་ཚུགས་བསྐྱོན་པར་བརྟེན་ཡོང་བ་རེད། ཁྱེད་རང་ཚོ་པོ་ལགས་རྨོ་ལགས་ཚོས་ཀྱང་ད་ཆ་ང་ཚོ་ལོ་ན་རྒས་སོང་གང་ཡང་བྱ་རྒྱུ་མི་འདུག་མ་ལབ་པར་འབད་བརྩོན་བྱེད་དགོས། རིག་པ་ནང་པར་འཆི་ཡང་བསླབ། ཅེས་པ་འདི་ལྟར་རེད། སང་འཆི་མཁན་ཞིག་ཡིན་ནའང་དེ་རིང་སློབ་དགོས་པ་གསུངས་ཡོད། ཚེ་འདིར་མཁས་པར་མ་གྱུར་ཀྱང་། སྐྱེ་བ་ཕྱི་མ་བཅོལ་བ་ཡི་ནོར་ལ་རང་ཉིད་ལེན་དང་མཚུངས་།
ཞེས་ཆོས་རྗེ་ས་པཎ་གྱིས་གསུངས་ཡོད། སློབ་སྦྱོང་ལ་དོན་གཉེར་བྱ་དགོས། ང་ཚོ་བོད་རིགས་དང་ཧི་མཱ་ལ་ཡི་རི་རྒྱུད་དེ་དག་དད་པ་ཧ་ཅང་ཡོད། དད་པམ་འདི་རྣམ་དཔྱོད་ཀྱི་ཤེས་རབ་ཟུང་དུ་འབྲེལ་ནས་འགྲོ་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།།