ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༦ རེས་གཟའ་མིག་དམར།
༄༅།། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ Tibetan Entrepreneurship Development ཚན་པའི་གོ་སྒྲིག་འོག་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་དངོས་ཟོག་དང་དཔྱ་ཁྲལ་གྱི་ཁྲིམས་གཞི་ GST Act ཐོག་ཟླ་བ་གཅིག་རིང་སྦྱོང་བརྡར་ཟབ་རྒྱས་ཤིག་གནང་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ རེས་གཟའ་ཉི་མ་ཉིན་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་དངོས་ཟོག་དང་དཔྱ་ཁྲལ་ཐོག་ཟླ་བ་གཅིག་རིང་སྦྱོང་བརྡར་ཟབ་རྒྱས་ཀྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། བཙན་བྱོལ་བོད་མི་རྣམས་ལ་ཡུལ་ཁྲིམས་སྐོར་གོ་རྟོགས་སྤེལ་ཏེ་དྲང་བདེན་ཅན་གྱི་བཙན་བྱོལ་བ་ཞིག་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། སྦྱོང་བརྡར་འདིའི་དགོས་པ་དང་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གཞུང་གི་དངོས་ཟོག་དང་དཔྱ་ཁྲལ་གྱི་ཁྲིམས་གཞི་ཐོག་ཆེད་མཁས་མི་སྣ་གསོ་སྐྱོང་བྱས་ཏེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་བོད་པ་དང་། ཚོང་པ། དེ་བཞིན་མང་ཚོགས་བཅས་ལ་དངོས་ཟོག་དང་དཔྱ་ཁྲལ་གྱི་ཁྲིམས་གཞི་དང་འབྲེལ་བའི་དོགས་འདྲི་ཁག་ལ་ལན་འདེབས་དང་རོགས་རམ་གྱི་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན་ཞེས་དང་།
དེ་བཞིན་ལག་དེབ་སྔོན་པོའི་དགོས་པ་དང་དམིགས་ཡུལ་སྐོར་ལའང་ངོ་སྤྲོད་སྙིང་བསྡུས་གནང་བ་དང་འབྲེལ་སྦྱོང་བརྡར་ནང་འཛུལ་ཞུགས་པ་ཡོངས་ཀྱིས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞིའི་སྐུ་ཚབ་ལྟ་བུའི་འགན་ཁྱེར་ནས་བོད་པ་མ་ཡིན་པའི་གྲོགས་པོ་རྣམས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ཟབ་སྦྱོང་བ་ཡོངས་ལ་ཕྱག་འཁྱེར་གནང་ཡོད།
བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ Tibetan Entrepreneurship Development (TED) Initiative དེའི་དགོས་དམིགས་ནི་བོད་མིའི་སྤྱི་ཚོགས་ནང་དེང་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཡར་ཐོན་ཚོང་ལས་པ་ (Entrepreneur) ཇེ་མང་སྐྱེད་སྲིང་ཡོང་ཐབས་གཙོ་བོ་དང༌། ཚོང་ལས་པ་དེ་དག་བརྒྱུད་རང་རེའི་སྤྱི་ཚོགས་ནང་ལས་རིགས་ཀྱི་གོ་སྐབས་མང་དུ་འགྲོ་ཐབས་དང་རིམ་པས་བཙན་བྱོལ་བོད་མིའི་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་སྲ་བརྟན་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་བཅས། །