༢༠༡༨ ཟླ་ ༡ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྦེང་ལོར་དུ་བོད་པའི་སློབ་ཕྲུག་དང་མི་མང་རྣམས་ལ་བཀའ་སློབ་སྩལ་སྐབས། སློབ་མ་ཞིག་གིས་ད་བར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་བླ་ཆེན་རྣམ་པ་སྐྱེས་པ་ཕོའི་ལུས་ཅན་ལས་བུད་མེད་བྱུང་མེད་པའི་རྒྱུ་མཚན་གང་ཡིན་པ་དང་། མ་འོངས་པར་༸རྒྱལ་བའི་ཡང་སྲིད་བུད་མེད་ཀྱི་རྟེན་ཅན་དུ་བྱོན་སྲིད་མིན་གྱི་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། སྔ་མོ་བོད་ནང་ཤུགས་གསེབ་རྗེ་བཙུན་སྐུ་ཞབས་ཞེས་རང་བྱུང་བླ་མ་ཞིག་བྱུང་ཡོད་པ་ཡོངས་གྲགས་རེད། དེ་བཞིན་གཞུང་འབྲེལ་གོ་གནས་མཐོ་པོ་ཡོད་པའི་བསམ་སྡིངས་རྡོ་རྗེ་ཕག་མོ་བྱུང་ཡོད། བསམ་སྡིངས་རྡོ་རྗེ་ཕག་མོའི་ཡང་སྲིད་རིམ་བྱོན་བརྩི་སྟངས་དེ་ནི་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་གཅིག་མཚུངས་ཡིན་པས་ལོ་བདུན་བརྒྱའི་གོང་བྱུང་ཡོད།
གཞན་ཡང་བོད་ནང་རྣལ་འབྱོར་མ་ཡག་པོ་དེ་འདྲའང་བྱུང་ཡོད། ལྷག་པར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དགེ་སློང་ཕ་དང་དགེ་སློང་མ་ཞེས་ཐོབ་ཐང་གཅིག་མཚུངས་གནང་ཡོད། འོན་ཀྱང་ཕལ་ཆེ་བ་སྐྱེས་པ་རབ་བྱུང་བ་རེད། འདུལ་བའི་ཐོག་ནས་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱ་རྒྱུ་མ་གཏོགས་ངོས་ཀྱིས་དབང་ཆའི་ཐོག་ནས་ཐག་གཅོད་ཐུབ་རྒྱུ་མེད། ངོས་ཀྱིས་གང་བྱེད་ཐུབ་པ་ནི་དགེ་བཤེས་མའི་དམ་བཅའ་འཇོག་རྒྱུ་དེ་ངོས་ཀྱིས་ན་ནིང་དགེ་བཤེས་མའི་ལག་འཁྱེར་སྤྲོད་རྒྱུའི་གསར་གཏོད་བྱས་པ་ཡིན།
སྤྱིར་བཏང་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ནང་ཕལ་ཆེར་ཆོས་ལུགས་ནང་ཆབ་སྲིད་ཡོད་པ་ཞིག་རེད། སྐྱེས་པ་ཕོའི་དབང་ཤུགས་ཁྱབ་གདལ་ཆེ་བ་ཡོད་པས་བླ་མའི་སྒྲིག་འཛུགས་ཀྱང་ཞིང་བྲན་ལམ་ལུགས་ (feudal system) དང་འབྲེལ་བ་ཡོད་འདུག
དེར་བརྟེན་ངོས་རང་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་འགན་དབང་བཞག་སྟེ་མི་ལོ་བཞི་བརྒྱའི་ལོ་རྒྱུས་ལྡན་པའི་༸རྒྱལ་དབང་གི་སྒྲིག་འཛུགས་ཀྱིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་དེ་མ་སྐུལ་དྭངས་བླངས་ཐོག དགའ་སྤོབས་ཆེན་པོའི་ངང་མཚམས་བཞག་པ་ཡིན། ཆོས་དེ་ཆབ་སྲིད་སྒང་ལ་ཕྱིན་ནས་དེ་སྔ་བོད་ནང་བླ་མ་མཐོ་པོ་རྣམས་ཕན་ཚུན་འཐབ་འཛིང་བྱས་པ་དེ་འདྲ་བྱུང་ཡོད་པ་ནི། ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་ཡིན་པ་ལས་ཆོས་ཕྱོགས་ཀྱི་ཐོག་ནས་གང་ཡང་མ་རེད། དེ་ཚོ་རྗེས་ལུས་རེད།
ལོ་དུས་གཅིག་ལ་ངོས་རང་ཕ་རན་སིའི་རྒྱལ་ས་པེ་རི་སིར་བསྐྱོད་སྐབས། བུད་མེད་སྐོར་གྱི་དུས་དེབ་རྩོམ་སྒྲིག་པ་ཞིག་གིས་མ་འོངས་པར་ཏཱ་ལའི་བླ་མ་བུད་མེད་རྟེན་ཅན་བྱོན་སྲིད་མིན་དྲིས་བྱུང་། སྐབས་དེར་ངོས་ཀྱིས་དེ་ཡོང་སྲིད་པ་ཞིག་རེད། དེའི་ཚེ་དེའི་དུས་སུ་དངོས་ཡོད་གནས་ཚུལ་དང་བསྟན་པ་ལ་ཕན་ཐོགས་བྱུང་ན་ངེས་པར་དུ་ཡོང་གི་རེད་ཅེས་བརྗོད་པ་ཡིན།
དེར་ཁ་སྣོན་གྱི་ཚུལ་དུ་ངོས་ཀྱིས་གལ་སྲིད་མ་འོངས་པར་བུད་མེད་ཀྱི་ཏཱ་ལའི་བླ་མ་ཞིག་བྱོན་པ་ཡིན་ན་ཡིད་དུ་འོང་བ་ཞིག་ཕེབས་རྒྱུ་རེད། གལ་ཏེ་བུད་མེད་ཀྱི་ཏཱ་ལའི་བླ་མ་ཁ་སྣ་འཁྱོག་པ་བྱུང་ན་མི་རྣམས་ཀྱིས་སྐྱབས་སུ་མཆི་ཟེར་རྒྱུའི་ཚབ་ཏུ་གདོང་མཐོང་མ་ཐག་ཨ་ཙི་ཟེར་དགོས་པ་བྱུང་ན་ཕན་ཐོགས་མེད། གཞན་གྱིས་དགའ་མོས་དང་ཡིད་འཕྲོག་རྒྱུ་ཞིག་ཡོང་རྒྱུ་རེད། ཅེས་སྐབས་དེར་ངོས་ཀྱིས་ལན་དེ་འདྲ་བརྒྱབ་པ་ཡིན། ཞེས་བཀའ་ལན་སྩལ།།