༢༠༡༨ ཟླ་ ༡ ཚེས་ ༥ རེས་གཟའ་པ་སངས།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་དད་ལྡན་ཆོས་བ་རྣམས་ལ་བདེན་པ་བཞི་དང་སཱ་ལུ་ལྗང་པའི་མདོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་༸གོང་ས་མཆོག་གི་ཧིན་སྐད་གསུང་སྒྱུར་ཀེ་ལ་ཤ་ Kailash ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། ཐེངས་འདིར་ནཱ་ལེནྡྲ་ཤིག་ཤའམ་རྒྱ་གར་ནང་ཆོས་དོན་གཉེར་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་སྩལ་ཐེངས་དྲུག་པ་ཆགས་ཡོད། ལོ་དྲུག་སྔོན་ཏེ་ཕྱི་ལོ་ ༢༠༡༢།༢༠༡༣ ལོར་རྡ་སར་ཐེངས་གཉིས་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་བཀའ་ཆོས་ཐེངས་གསུམ་པ་སྩལ་བ་མ་ཟད། ཕྱི་ལོ་༢༠༡༥ ལོར་རྒྱ་གར་བྱང་ཕྱོགས་ཨུཏྟར་པྲ་དེ་ཤི་ Uttar Pradesh མངའ་སྡེའི་ནང་ཆགས་པའི་ནང་པའི་གནས་སན་ཀི་ས་ Sankisa ཞེས་པ་དེར་བཀའ་ཆོས་སྩལ་ཡོད། དེ་ནས་སླར་ཡང་ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་དུ་ཆོས་འབྲེལ་སྩལ་ཡོད།
ད་ཐེངས་གནས་མཆོག་རྡོ་རྗེ་གདན་དུ་བདེན་པ་བཞི་དང་སཱ་ལུ་ལྗང་པའི་མདོའི་ཆོས་འབྲེལ་བཅས་ཁྱོན་ད་བར་རྒྱ་གར་གདུལ་བྱ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་ཐེངས་ ༦ སྩལ་ཟིན་ཡོད། འདི་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བ་ལྟར། ནང་པ་སངས་རྒྱས་པའི་ཆོས་འདི་རྒྱ་གར་ནས་བྱུང་བ་ཞིག་དང་བར་ལམ་ཉམས་ཆག་བྱུང་རྐྱེན་རིག་གནས་དེ་ཉིད་བསྐྱར་གསོ་མཛད་རྒྱུ་༸སྐུའི་མཛད་འགན་བཞི་པ་ཡིན་སྐོར་བཀའ་སློབ་སྩལ་གནང་མཛད་བཞིན་ཡོད།
སྤྱིར་རྒྱ་གར་ནང་དུ་ནང་པ་མང་པོ་ཡོད། འོན་ཀྱང་ཁོང་རྣམས་ལ་༸རྒྱལ་བ་རིན་པོ་ཆེའི་དྲུང་ནས་གསུང་ཆོས་ཞུ་རྒྱུའི་གོ་སྐབས་འདི་འདྲ་ཐོབ་ཀྱི་མེད། རྒྱ་གར་ནང་གི་མངའ་སྡེ་མཚོན་ན་མ་ཧཱ་རཱཤཀྲ་ Maharashtra དང་། ཨུཏྟར་པྲ་དེ་ཤི། Uttar Pradesh རཱ་ཇེ་སི་ཐན་ Rajasthan སོགས་ས་ཁུལ་འདྲ་མིན་ནང་དུ་ནང་པ་མང་པོ་ཡོད། ཁོང་ཚོའི་དོན་དུ་ང་ཚོས་ས་གནས་འདྲ་མིན་ནང་གསུང་ཆོས་གོ་སྒྲིག་ཞུ་བཞིན་ཡོད། དེར་བརྟེན་ད་ལོར་རྡོ་གདན་ལ་མཚོན་ན་གནས་ཁྱད་པར་ཅན་ཆགས་ཡོད། ད་བར་ལོ་རྒྱུས་ཐོག་ནས་གཟིགས་ན་༸རྒྱལ་བ་རིན་པོ་ཆེས་ཆེད་དུ་བྱ་བའི་གདུལ་བྱ་རྒྱ་གར་ལ་གསུང་ཆོས་སྩལ་བ་བྱུང་མྱོང་མེད།
དེར་བརྟེན་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གནང་ཡོང་བའི་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་ཐུགས་དགྱེས་ཚོར་དང་སྦྲགས་བཀའ་བཞེས་བཟང་པོ་ཐོབ་བྱུང་། འདིས་རྒྱ་གར་བ་མང་པོ་ཞིག་ལ་ཕན་ཐོགས་ཧ་ཅང་འདུག འདིས་ནང་ཆོས་སྤེལ་རྒྱུའི་དོན་དུ་མ་རེད། རྒྱ་གར་བ་ཚོར་རང་གི་གནའ་རབས་ཀྱི་ལེགས་བཤད་ཕྱུག་པོ་འདི་ལྟ་བུ་ཡོད་པ་དེ་ར་སྤྲོད་ཡོང་ཐབས་བྱེད་བཞིན་ཡོད། ཅེས་གསུངས།།