༢༠༡༨ ཟླ་ ༡ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་ཨེ་ལི་སི་ལས་འཆར་འོག་རྒྱ་གར་མཐོ་སློབ་དང་སློབ་གྲྭ་ཁག་གཅིག་གི་སློབ་ཕྲུག་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་བཟང་སྤྱོད་སྐོར་བཀའ་སློབ་སྩལ་འདུག
དེ་ཡང་ཐོག་མར་ལས་འཆར་འགན་འཛིན་ Valentino Giacomin ལགས་ཀྱིས་ལས་འཆར་ཐོག་མར་འགོ་འཛུགས་གནང་སྟངས་བརྒྱུད་རིམ་ཁག་ངོ་སྤྲོད་ཞུ་དོན། ལོ་ངོ་ ༣༠ ཙམ་གྱི་གོང་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། མཇལ་ཁ་ཞུ་དགོས་དོན་ངའི་མ་འོངས་ལས་དོན་ཐོག་བཀའ་སློབ་ཞུ་ཆེད་ཡིན། སྐབས་དེར་རྒྱ་གར་ནང་ཤེས་ཡོན་ཐོག་མུ་མཐུད་ཤུགས་རྒྱག་དགོས་པའི་བཀའ་སློབ་ཕེབས་པར་བརྟེན་གུས་པས་ཕྱི་ལོ་ ༡༩༩༤ ལོར་ཨེ་ལི་སི་ལས་འཆར་ཐོག་མར་ཝཱ་རཱ་ཎ་སིར་འགོ་འཛུགས་ཞུས་པ་ཡིན། ཞེས་སོགས་ཀྱིས་གསུང་བཤད་གནང་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། གཞོན་སྐྱེས་སློབ་ཕྲུག་ཁྱེད་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་ཀྱི་ཚོར་སྣང་སྐྱེ་བཞིན་འདུག ལས་འཆར་གྱི་འགན་འཛིན་ངོས་ཀྱི་ཨི་ཊ་ལིའི་གྲོགས་པོ་རྙིང་པ་ཁོང་གིས་ང་ཚོས་གང་བཤད་པ་དེ་དག་ལག་ལེན་བསྟར་བཞིན་ཡོད། ཧ་ཅང་རླབས་ཆེན་རེད། དུས་ཚོད་ནི་རྟག་ཏུ་འགྱུར་བཞིན་པ་ལས་དུས་ཚོད་འགྱུར་བ་མ་ཕྱིན་པར་གནས་ཐབས་རྩ་བ་ནས་མེད། སྔར་གང་བྱུང་བའི་གནས་ཚུལ་དེ་དག་ཚར་བ་ཡིན་སྟབས་དྲན་པའི་ཡུལ་ཙམ་དང་ལོ་རྒྱུས་ནང་འཁོད་རྒྱུ་ཙམ་ལས་བསྐྱར་ལོག་རྒྱག་རྒྱུ་གང་ཡང་མེད། མ་འོངས་པ་ད་དུང་འབྱུང་རྒྱུ་ཡིན་སྟབས་མ་འོངས་པའི་གནས་སྟངས་བཟང་པོ་ཞིག་ཡོང་ཐུབ་པ་བྱ་རྒྱུའི་གོ་སྐབས་ཡོད། གནས་སྟངས་འདིའི་འོག་ནས་ཁྱེད་ཚོ་མི་རབས་གཞོན་པ་ཚོ་མ་འོངས་པའི་མི་རབས་ཆགས་ཡོད། རྒྱ་གར་གྱི་མ་འོངས་པའི་གནས་སྟངས་བཟང་ངན་ཇི་འདྲ་ཡོང་མིན་ཁྱེད་ཚོའི་ལག་ཏུ་ཡོད།
གཞི་རྩའི་སྲོག་ཆགས་ཙམ་མ་ཟད་མེ་ཏོག་འདིས་མཚོན་རྩི་ཤིང་རིགས་ལའང་སེམས་མེད་སྟབས་སེམས་ཚོར་མེད། འོན་ཀྱང་དེ་དག་ཐམས་ཅད་འཚོ་གནས་བྱ་འདོད་པ་ནི་དཔེར་ན་མེ་ཏོག་ལ་མཚོན་ན་ཆུ་དགོས། ཆུ་མེད་ན་མེ་ཏོག་རྙིད་རྒྱུ་རེད། ཕྱོགས་མཚུངས་ཉི་མའི་མེ་ཏོག་ལྟ་བུར་མཚོན་ན་ཉི་མ་གང་དུ་ཡོད་སར་ཁ་ཕྱོགས་བཞིན་ཡོད། སྤྱིར་མེ་ཏོག་དེར་སེམས་ཚོར་མེད་ཀྱང་འཚོ་རྒྱུའི་ཐོབ་ཐང་ཡོད།
སྲོག་ཆགས་ལ་མཚོན་ན་སེམས་ལྡན་ཡིན། དེར་བརྟེན་སེམས་ཚོར་ཡང་མེད། གྲོག་འབུར་ཚུན་ཆད་འཚོ་སྡོད་བྱ་རྒྱུའི་འདོད་པ་བྱེད་བཞིན་ཡོད། འཚོ་རྒྱུའི་དམིགས་ཡུལ་དེའང་གཙོ་བོ་བདེ་བ་དོན་དུ་གཉེར་ནས་བྱེད་བཞིན་ཡོད། གནས་སྟངས་འདིའི་འོག་ནས་འཇིག་རྟེན་བཀོད་པ་པོ་འདོད་མིན་ཇི་ལྟར་ཡང་ང་ཚོ་མི་ལ་ཁྱད་དུ་འཕགས་པའི་ཀླད་པ་ཡོད། ཀླད་པ་དེས་འདས་པའི་དུས་གནས་སྟངས་རྗེས་དྲན་བྱེད་ཐུབ་པ་ཙམ་མ་ཟད། མ་འོངས་པའི་གནས་སྟངས་ཐོག་བསམ་བློ་གཏོང་ཐུབ། བསམ་བློ་ཚད་དང་ལྡན་པ་ཞིག་གཏོང་བར་དངོས་ཡོད་གནས་སྟངས་ཤེས་དགོས། དེ་ཤེས་པར་ཕྱོགས་གཅིག་རྐྱང་རྐྱང་ལ་མ་ལྟ་བར་ངོས་གཉིས་དང་གསུམ། བཞི། དྲུག་སོགས་མདོར་ན་ཕྱོགས་ཚང་མའི་གནས་སྟངས་ཤེས་པ་བྱེད་དགོས། འདི་མི་ཁོ་ན་མ་གཏོགས་དུད་འགྲོས་བྱེད་ཐུབ་རྒྱུ་མ་རེད།
བདེ་བ་དོན་དུ་གཉེར་བ་ལྟར་བདེ་བའི་རྒྱུ་གང་ཡིན་ཐོག་ང་ཚོས་བསམ་བློ་བཏང་ནས་ཤེས་པ་བྱ་དགོས། དེ་འདྲ་བྱ་རྒྱུར་མིའི་ཀླད་པར་དམིགས་བསལ་ནུས་པ་ཞིག་ཡོད། ང་ཚོ་མིར་ལྷན་སྐྱེས་སུ་བདེ་བ་འདོད་རྒྱུའི་བསམ་བློ་དང་བདེ་བ་འདོད་པ་ལྟར་བདེ་བའི་རྒྱུ་གང་ཡིན་ཐོག་བསམ་བློ་གཏོང་ཐུབ། དེ་འདྲ་ཡོང་བར་གཙོ་ཆེར་ཤེས་ཡོན་ལ་རག་ལུས་ཡོད། མིའི་ཀླད་པ་བེད་སྤྱོད་ཚད་མཐོ་ཤོས་གཏོང་ཆེད་ཤེས་ཡོན་དེ་གཙོ་བོ་ཡིན་པ་མ་ཟད། ཤེས་ཡོན་ལ་བརྟེན་ནས་ང་ཚོས་ཆོས་རྣམས་ལ་རིག་པས་དཔྱད་པ་བྱ་རྒྱུའི་རྣམ་དཔྱོད་ཀྱི་ནུས་པ་རྒྱ་སྐྱེད་གཏོང་ཐུབ།
དེར་བརྟེན་མིའི་སྤྱི་ཚོགས་གང་དུ་ཡིན་ནའང་ཤེས་ཡོན་ཧ་ཅང་གཙིགས་ཆེར་འཛིན་ཡོད། འོན་ཀྱང་ཁྱིམ་ཚང་ནང་དང་སྤྱི་ཚོགས། དེ་བཞིན་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་རྙོག་གྲ་བཟོ་མཁན་དེ་དག་ཤེས་ཡོན་ཡོད་མཁན་ཚོ་རེད། ཁོང་ཚོར་ཤེས་ཡོན་ཡོད་སྟབས་དེའི་ཐོག་ནས་ཐབས་བྱུས་བྱ་རྒྱུ་མཁས་པོ་ཡོད། དེར་བརྟེན་ད་ལྟའི་ཤེས་ཡོན་ལམ་ལུགས་འདིས་འབྱུང་འགྱུར་སྤྱི་ཚོགས་བདེ་ཞིང་སྐྱིད་པ་ཞིག་བཟོ་རྒྱུའི་ནུས་པ་ལྡན་མིན་འདི་དྲི་བ་ཞིག་རེད། འདིའི་ཐོག་ང་ཚོས་དངོས་གནས་བསམ་བློ་ཡག་པོ་གཏོང་དགོས། དེང་སྐབས་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ནང་རྙོག་གྲ་ཧ་ཅང་མང་པོ་འཕྲད་བཞིན་ཡོད། རྙོག་གྲ་དེ་དག་ཕལ་ཆེ་བ་མིས་བཟོད་པའི་རྙོག་གྲ་ཆགས་ཡོད། ཨིན་སྐད་ཐོག་ངོས་ཀྱིས་སྐྱེས་པས་བཟོས་པའི་རྙོག་གྲ་རེད། man made problem ཅེས་བརྗོད་ཀྱི་ཡོད། འོན་ཀྱང་བུད་མེད་ཀྱིས་རྙོག་གྲ་མ་བཟོས་པའི་དོན་དག་རྩ་བ་ནས་མ་རེད། བུད་མེད་ཁྲོད་རྙོག་གྲ་ཧ་ཅང་བཟོ་མཁན་དེ་འདྲའང་ཡོད།
རྙོག་གྲ་སུས་ཀྱང་མི་འདོད། རྙོག་གྲ་ཡོང་གཞི་དེ་དག་ང་ཚོ་མིས་བཟོས་པ་ཞིག་ཆགས་ཡོད། འདིས་གང་སྟོན་བཞིན་ཡོད་པ་རེད་བརྗོད་ན། དེང་དུས་ཤེས་ཡོན་ལམ་ལུགས་ཟེར་བ་དེས་གང་ཟག་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་སོགས་བདེ་ཞིང་སྐྱིད་པ་ཞིག་བསྐྲུན་རྒྱུར་ནུས་པ་འདང་གི་མེད་པ་གསལ་པོར་མཚོན། ད་ཆ་ང་ཚོས་འདིའི་ཐོག་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ།
སྤྱིར་ཨེ་ལི་སི་ལས་འཆར་ Alice Project དེ་བཞིན་ཐོག་མར་ལས་འཆར་འགན་འཛིན་ Valentino Giacomin ལགས་ཀྱིས་ཕྱི་ལོ་ ༡༩༩༤ ལོར་ཝཱ་རཱ་ཎ་སིར་དབུ་འཛུགས་གནང་ཞིང་། ཁོང་གིས་ཨི་ཊ་ལིའི་གཞུང་གི་སློབ་གྲྭ་གསུམ་ལ་ཉམས་ཞིབ་གནང་རྗེས་ལས་འཆར་འདི་དབུ་འཛུགས་གནང་འདུག ཐོག་མའི་ཆར་སློབ་ཕྲུག་ ༧༥ དང་དགེ་རྒན་བཞི་ལས་མེད། འོན་ཀྱང་ད་ཆ་ལས་འཆར་དེའི་འོག་རྒྱ་གར་ས་གནས་འདྲ་མིན་ནང་འགྲོ་བ་མིའི་ཀུན་ཁྱབ་བཟང་སྤྱོད་ཀྱི་ལྟ་གྲུབ་གཞི་རྩར་འཛིན་ནས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལས་འགུལ་སྤེལ་མུས་ཡིན་འདུག སྔོན་འགྲོ་ནས་མཐོ་སློབ་རིམ་པའི་བར་ཤེས་ཡོན་ལས་འཆར་སྤེལ་མུས་ཡིན་འདུག ལྷག་པར་ཕྱི་ལོ་ ༢༠༠༡ ལོར་བྷི་ཧཱར་མངའ་སྡེའི་བྷུ་དྷ་གྷ་ཡར་སློབ་གྲྭ་གསར་པ་ཞིག་བཙུགས་ཡོད་འདུག
ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨེ་ལི་སི་ལས་འཆར་ཡར་རྒྱས་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་ཧིན་སྒོར་འབུམ་བརྒྱ་གསོལ་སྩལ་མཛད་ཡོད་པ་བཅས།།