༢༠༡༨ ཟླ་ ༡ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༧ བར་རྒྱ་གར་དད་ལྡན་ཆོས་ཞུ་བ་གྲངས་ ༣༠༠༠ ཐམ་པ་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེན་བཞིའི་སྐོར་གསུང་ཆོས་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་དང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མི་མང་འདུ་ཚོགས་ཆེ་སྐབས་འདིར་ལས་རིགས་འདྲ་མིན་ཐོག་དང་བླངས་ཞབས་ཞུ་སྒྲུབ་བཞིན་པའི་སྐོར་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་འགན་འཛིན་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་འབྲེལ་ཡོད་ཁག་གཅིག་ལ་བཅར་འདྲི་ཞུས་པ་གཤམ་གསལ།
དེ་ཡང་དང་ཐོག་བདེ་སྲུང་ཡན་ལག་འགན་འཛིན་འཇིག་མེད་ལགས་ཀྱིས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་ཐོག་གྲ་སྒྲིག་ཇི་ཡོད་དྲིས་པར་ཁོང་གིས་ངོ་སྤྲོད་གནང་དོན། ཁ་སང་རྒྱ་གར་ཉེན་རྟོག་པ་ ༡༣ གྷ་ཡ་ཉེན་རྟོག་འགོ་དཔོན་ལྕམ་སྐུ་གྷ་རི་མ་མཱ་ལིག་ལགས་ཀྱིས་གནས་དབྱུང་བཏང་འདུག དེའི་སྐོར་ཞིབ་ཕྲ་ཁ་སང་སྔ་དྲོ་རྒྱ་གར་གསར་ཤོག་ ( Hindustan Times) ནང་དུ་ཐོན་པ་རེད། གནས་ཚུལ་དེ་དངོས་ཡོད་རེད།
ད་ལྟ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་སྲུང་ཕྱྭའི་ཐོག་རྒྱ་གར་དབུས་སའི་གཞུང་གཉིས་ཀྱིས་ཐུགས་འགན་རྐང་བཞེས་ཐོག་མཐུན་འགྱུར་རོགས་རམ་ཇི་དགོས་གནང་མུས་ཡིན་པ་མ་ཟད། འདིར་གསུང་ཆོས་རིང་༸སྐུ་ཕྱྭའི་ཉེན་སྲུང་ཆེད་ཕྱི་སྐོར་དང་ནང་སྐོར་ཞེས་སྡེ་ཚན་མང་པོ་ཞིག་དབྱེ་ཡོད་སྟབས། དེའི་ཐོག་ལ་མི་མང་ཚོས་ཐུགས་འཁྲལ་རྩ་བ་ནས་གནང་དགོས་མི་འདུག
རྒྱ་གར་དབུས་དང་མངའ་གཞུང་གཉིས་ཀྱི་འགན་ཁུར་རྐང་བཞེས་ཐོག་རྒྱ་གར་སྐོར་སྲུང་བ་ ༣༠༠༠ ལྷག་ཙམ་ས་གནས་གང་སར་འགྲེམས་འཇོག་གནང་འདུག དེའི་ཁར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་མཉམ་རུབ་ཞུ་མུས་ཡིན།
རྒྱུན་ལྡན་གསུང་ཆོས་སྐབས་ལྟར་མི་མང་བཞུགས་གནས་དང་ཕེབས་ལམ་ཁག་འདྲ་མིན་གྱི་མཐའ་སྐོར་གཡས་གཡོན་དུ་སྐོར་སྲུང་བ་ཕོན་ཆེ་འགྲེམས་འཇོག་བྱས་ཡོད། དཀའ་ངལ་རྩ་བ་ནས་འཕྲད་རྒྱུ་མ་རེད་བསམ་བཞིན་ཡོད། དང་བླངས་སྐོར་སྲུང་བར་མཚོན་ན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་ནས་ཁྱོན་མི་གྲངས་ ༢༠༠ ཙམ་ཞིག་བདེ་སྲུང་ཁྱབ་ཁོངས་སུ་བསྐོ་བཞག་བྱས་ཡོད། ཅེས་ལན་འདེབས་གནང་།
དེ་བཞིན་དགེ་ལུགས་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཙོ་གྲས་སྐུ་ཞབས་བློ་བཟང་ལགས་ལ་སྨོན་ལམ་གོ་སྒྲིག་གནང་ཕྱོགས་ཐད་དྲིས་པར་ཁོང་གིས་གསུང་དོན།
ང་ཚོའི་རེ་བར་དགེ་འདུན་པ་ཞལ་གྲངས་ ༦༠༠༠ ཙམ་ཐེངས་འདིར་བཅར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། ལྗང་དགུན་ཆོས་སུ་ཕེབས་མཁན་དགེ་འདུན་པ་ ༣༧༠༠ ཙམ་ཡོད། དེ་བཞིན་བལ་ཡུལ་དང་འཛམ་གླིང་ཡུལ་གྲུ་གཞན་དང་མཆོད་རྟེན་སྐོར་བ་རྒྱག་མཁན་གནས་སྐོར་བ་དང་གསུང་ཆོས་སུ་བཅར་མཁན་དགེ་འདུན་པ་གཞན་ཁག་གཅིག་སོགས་ཡོད།
དགེ་ལུགས་སྨོན་ལམ་ཆེན་མོའི་ངོས་ནས་སྨོན་ལམ་སྐབས་ཞོགས་ཇ་དང་ཉིན་གུང་ཞལ་ལག་གོ་སྒྲིག་ཞུ་བཞིན་ཡོད། གསུང་ཆོས་སྐབས་ཞོགས་ཇ་དང་ཞལ་བག་གོ་སྒྲིག་ཡོད། སྨོན་ལམ་སྐབས་ཕྱག་ལས་གནང་མཁན་གཙོ་བོ་གདན་ས་གསུམ་དང་གྲྭ་ས་དྲུག་གི་འཐུས་མི་ཡོད་པ་དེ་དག་གིས་ཟླ་བ་གཅིག་ཙམ་གྱི་གོང་ནས་གྲྭ་མང་བཞུགས་སའི་དབུ་གུར་འཕུབ་རྒྱུ་དང་། ས་ཆ་འདི་དག་ཐོབ་པར་འབྲེལ་ཡོད་ལས་ཁུངས་སུ་སྙན་ཞུ་འབུལ་དགོས་སྟབས་སྙན་ཞུ་འབུལ་རྒྱུ་དང་དབུ་གུར། གསོལ་ཐབ་བཅས་བཟོ་རྒྱུ་རང་ལ་མཚོན་ནའང་ཧ་ལམ་ཉིན་གྲངས་བཅོ་ལྔ་ཙམ་འགོར་སོང་། གཞན་ཁྱོན་སྨོན་ལམ་གྲ་སྒྲིག་ཟླ་བ་གཅིག་སྔོན་ཚུད་ནས་འགོ་བརྩམས་པ་རེད། ཅེས་ལན་འདེབས་གནང་། གསུང་ཆོས་མིན་པའི་དགེ་ལུགས་ཐུན་མོང་མིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གཞན་གང་ཡོད་མེད་སྐོར་གསུང་དོན། དགེ་ལུགས་སྨོན་ལམ་ཆེན་མོ་གྲ་སྒྲིག་ཚོགས་ཆུང་ངོས་ནས་ཕྱི་ཚེས་ ༥ ནས་ ༢༠ བར་གདན་ས་གསུམ་གྱི་ལྗང་དགུན་ཆོས་ཡོད། སྐབས་དེར་རྩོད་པ་རྩོད་རྒྱུ་དང་དམ་བཅའ་འཇོག་རྒྱུ་སོགས་ཡོད། དེ་ནས་སྨོན་ལམ་ཉིན་དྲུག་ཡོད། སྐབས་དེར་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམ་པས་དམ་བཅའ་འཇོག་རྒྱུ་རེད། སྨོན་ལམ་གྱི་འགྲོ་སྟངས་བྱས་ན་ཞོགས་ཚོགས་གྲོལ་རྗེས་དམ་བཅའ་ཡོད། དམ་བཅའ་གྲོལ་རྗེས་སྨོན་ལམ་གྱི་བླ་མ་སུ་ཡིན་རུང་དེས་གསུང་ཆོས་གནང་སྲོལ་ཡོད། དེ་ནས་སྨོན་ལམ་ཉིན་མ་བདུན་པ་དེར་བྱམས་པ་གདན་འདྲེན་ཞུ་རྒྱུ་རེད། ཅེས་གསུངས།
༸གོང་ས་མཆོག་སྨོན་ལམ་དང་ལྗང་དགུན་ཆོས་སྐབས་ཆིབས་སྒྱུར་བསྐྱང་འཆར་ཡོད་མེད་ཀྱི་དྲི་བར་ཁོང་ནས་སྨོན་ལམ་ཉིན་དང་པོ་དང་མཐའ་མར་ཆིབས་སྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུ་ཟིན་ཡང་༸ཞལ་བཞེས་ཐོབ་མིན་ཐག་ཆོད་གང་ཡང་བྱུང་མེད་སྐོར་གསུངས།
དེ་བཞིན་རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་སྨན་གྱི་སྡེ་ཚན་གྱི་སྨན་པ་བློ་བཟང་བཟོད་པ་ལགས་ཀྱིས་གསུང་དོན། གཙོ་བོ་བོད་ཀྱི་སྨན་རྩིས་ཁང་ནས་གསུང་ཆོས་སྐབས་ནད་པ་རེ་ལ་ཉིན་བཅུའི་རིང་སྨན་སྦྱིན་གནང་བཞིན་ཡོད། རྒྱ་གར་གཞུང་གྱི་ཁྲལ་དེ་ནད་པ་རང་ངོས་ནས་ཕུལ་གྱི་ཡོད། རྩ་བའི་སྨན་ཆ་ཚང་རིན་མེད་ཡིན། ང་རང་ཚོས་བོད་པའི་སྨན་གཞུང་གི་ཟས་སྤྱོད་སྨན་གསུམ་གྱི་ལམ་ནས་ཐབས་ལམ་ནད་པར་ལམ་སྟོན་བྱེད་བཞིན་ཡོད། བཅོས་ཐབས་གལ་ཆེ་བ་ནི་ཛ་དྲག་སྐབས་སྨན་ཁང་དུ་འགྲོ་དགོས། ད་ལྟའི་སྐབས་བབ་ཀྱི་གནས་སྟངས་གཞིར་བཟུང་འདིར་ཡོད་པའི་མི་མང་ཕལ་མོ་ཆེ་བོད་ནས་ཕེབས་པ་ཡིན་སྟབས། ནད་གཞི་ཕལ་ཆེ་བ་ཆམ་ནད་དང་བཤལ་ནད། རིམས་ནད་( ཟས་དུག) ལ་སོགས་ཡིན། དེ་རྣམས་ཀྱི་བཅོས་ཐབས་ནི་བོད་ཀྱི་སྲོལ་རྒྱུན་གསོ་བོ་རིག་པ་རང་ནས་ཡིན།
ང་ཚོ་འདིར་སྨན་པ་བཞི་ཡོད། ༸སྐུའི་བླ་སྨན་བསྟན་འཛིན་ཚེ་དབྱངས་ལགས། སྨན་པ་དང་སྨན་ཞབས་པ། རྩིས་པ་བཅས་ཁྱོན་བསྡོམས་ལས་བྱེད་ ༡༣ ས་གནས་སུ་བཅར་ཡོད། མི་རིགས་དབྱེ་བ་མེད་པའི་ཐོག་ནས་སྨན་ཉིན་བཅུའི་རིང་རིན་མེད་འབུལ་བཞིན་ཡོད། ད་བར་ཉིན་རེར་ནད་པ་ ༢༥༠ ཕེབས་ཀྱི་འདུག ད་ལྟ་བར་དུ་བོད་ནས་ཕེབས་པ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཅེས་གསུངས།
ཕྱོགས་མཚུངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་ཁང་དུ་བཅར་ནས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རིག་གཞུང་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་སུ་ལས་དོན་སྐོར་སོགས་འདྲི་སྐབས་གསུང་དོན། ང་ཚོའི་ལས་ཀའི་ངོ་བོ་གཙོ་བོ་དེ་སྤྱི་ཚོགས་ཞབས་ཞུ་རང་རེད། མཐོ་སློབ་ཁག་བདུན་ནས་དང་བླངས་མི་ ༧༠ ཙམ་འབྱོར་ཡོད། ང་ཚོས་ཕྱི་ཚེས་ ༡ ནས་ཉིན་གྲངས་ ༢༠ རིང་ལ་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུའི་གོ་སྒྲིག་ཞུས་ཡོད། ང་ཚོའི་ལས་འགན་གཙོ་བོ་གསལ་བསྒྲགས་ཁང་དང་། ཛ་དྲག་ནད་པར་རོགས་རམ་ཞུ་རྒྱུ། མི་འདས་གྲོངས་སུ་སོང་སྐབས་ཕུང་པོ་སྲེག་སྦྱང་དང་། ཅ་དངོས་བོར་བརླག་དང་རྙེད་པ་སོགས་དོ་བདག་སོ་སོར་ངོ་འཕྲོད་པ་བྱ་རྒྱུ།
དེ་བཞིན་གནས་མཆོག་རྡོ་རྗེ་གདན་གྱི་གཡས་གཡོན་དུ་ནང་པའི་གནས་ཆེན་གཞན་ཁག་ལ་གནས་སྐོར་ལ་ཕེབས་མཁན་ཚོའི་ཆེད་དུ་འགྲིམ་འགྲུལ་གྱི་རོགས་རམ་ཞུ་རྒྱུ་བཅས་ཡིན།
རྒྱང་བསྒྲགས་འདི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རིམ་དང་འཕྲོད་བསྟེན་སྐོར་གསལ་བསྒྲགས་དང་གོ་རྟོགས་སྤེལ་ཆེད་ཡིན། ང་ཚོ་ཟླ་ ༡ ཚེས་ ༡ ནས་ཚེས་ ༢༠ བར་འདིར་ཞབས་ཞུ་བསྒྲུབ་རྒྱུ་ཡིན། ཞེས་གསུངས།
རྒྱང་བསྒྲགས་ཁང་ལ་སྐད་རིགས་མི་འདྲ་བ་ཁག་བཞི་སྟེ་བོད་སྐད་དང་། ཧིན་སྐད། འབྲུག་དང་བལ་པོའི་སྐད་བཅས་བཞི་འདུག དེ་བཞིན་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་རིགས་ཀྱི་ཆེད་དུ་ལ་དྭགས་ཀྱི་སྐད་ཀྱང་གྲ་སྒྲིག་ཡོད་འདུག
དཀའ་ངལ་ཆེ་ཤོས་གང་འཕྲད་བཞིན་ཡོད་མེད་སྐོར་འདྲི་སྐབས་ཁོང་གིས་གཙོ་བོ་གནམ་གཤིས་གྲང་ངར་ཆེ་བར་བརྟེན་དཀའ་ངལ་ཅུང་ཙམ་འཕྲད་ཀྱི་འདུག འོན་ཀྱང་དེ་གནད་འགག་ཆེན་པོ་མ་རེད། དང་བླངས་བ་ཚོ་ཡིན་ནའང་སྔ་དགོང་གནམ་གཤིས་གྲང་མོ་དང་ཉིན་གུང་གནམ་གཤིས་དྲོ་པོ་ཡོད། འོན་ཀྱང་ཁོང་ཚོ་ཕལ་ཆེ་བ་བུ་གསོ་ཁང་ནང་འཚར་ལོང་བྱུང་བར་བརྟེན་སྤྱི་ཚོགས་ཞབས་ཞུ་བསྒྲུབ་མྱོང་མི་འདུག
དེར་བརྟེན་ཐོག་མར་དཀའ་ངལ་འཕྲད་པ་ལྟ་བུ་འཚོར་བྱུང་། འོན་ཀྱང་ཁོང་རྣམ་པས་སྤྱི་ཚོགས་ཞབས་ཞུ་ཡིན་བསམས་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་གནང་ནས་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད། ཁོང་རྣམ་པའི་ནང་ནས་ཁག་གཅིག་དེ་སྔ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་ལས་ཀ་བྱས་མྱོང་འདུག དེ་བཞིན་ཁག་གཅིག་ད་རེས་ཐེངས་དང་པོ་དང་བླངས་ཞབས་ཞུ་བྱེད་མཁན་ཆགས་ཡོད། སྤྱིར་དཀའ་ངལ་ཆེ་ཆུང་འདྲ་མིན་འཕྲད་བཞིན་འདུག་ཀྱང་དེ་དག་ཚང་མར་གདོང་ལེན་བྱས་དང་བྱེད་བཞིན་ཡོད། ཅེས་གསུངས།
དེ་བཞིན་ཁོང་གིས་བོད་ནས་ཕེབས་མཁན་རྣམས་ལ་དམིགས་བསལ་དཀའ་ངལ་ཇི་འཕྲད་འདྲི་སྐབས་གསུང་དོན། སྐད་ཡིག་གོ་བརྡ་མ་འཕྲད་པའི་དཀའ་ངལ་འདུག རྡོ་རྗེ་གདན་གྱི་ས་གནས་གཞོན་ནུ་དང་ང་ཚོ་མཉམ་རུབ་ཐོག་བོད་ནས་ཕེབས་མཁན་ཚོ་གནས་སྐོར་དང་ཕྱིར་ལོག་ཆེད་དཀའ་ངལ་སྤུ་ཙམ་ཡང་མེད་པ་ཞིག་ཡོང་རྒྱུའི་ཆེད་ང་ཚོས་འདིར་ཕྱོགས་གང་ས་ནས་གྲ་སྒྲིག་བྱེད་བཞིན་ཡོད། ཅེས་སོགས་གསུངས།
དེ་བཞིན་བྷ་ན་ར་ས་ཧིན་དུ་གཙུག་ལག་སློབ་ཁང་ནང་སློབ་གཉེར་གནང་བཞིན་པ་མགོན་པོ་དོན་གྲུབ་ལགས་ཀྱིས་༸གོང་ས་མཆོག་གི་གསུང་རྩོམ་འགྲེམས་སྟོན་ཁང་། ཞེས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་འདུག ཕྱི་ལོ་ ༢༠༡༢ ནས་དབུ་འཛུགས་གནང་ནས་ད་བར་ཁོང་གིས་འགྲེམས་སྟོན་ཐེངས་ ༦༠ གནང་ཟིན་འདུག ཁོང་གིས་ཐོག་མར་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་ཕྱག་དེབ་བཀླགས་རྗེས་སེམས་ནང་ཚོར་སྣང་དམིགས་བསལ་བ་ཞིག་བསྐྱེས་རྗེས་སྒེར་ངོས་ནས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་འགྲེམས་སྟོན་ཞུ་རྒྱུའི་ཆོད་སེམས་བརྟན་པོ་རྙེད་ཡོད་སྐོར་ཁོང་གིས་གསུངས། འགྲེམས་སྟོན་ཆེད་འགྲོ་གྲོན་ཡོངས་རྫོགས་རང་གི་ནང་མི་སྤུན་མཆེད་དང་སྒེར་གྱི་མཐུན་འགྱུར་ཞུས་པ་མ་གཏོགས་ཞལ་འདེབས་སོགས་གང་ཡང་ཞུ་ཡི་མེད་སྐོར་གསུངས།
འགྲེམས་སྟོན་ནང་༸གོང་ས་མཆོག་གི་ཕྱག་དེབ་སྐད་རིགས་མི་འདྲ་བ་ ༢༥ ནང་ཡོད་འདུག དེ་བཞིན་ཆོས་ཞུ་བའི་མིང་ཐོ་དེབ་འགོད་སྐོར་འབྲེལ་ཡོད་ལས་བྱེད་ཀྱིས་གསུང་དོན། ཐེངས་འདིར་ལུང་པ་མི་འདྲ་བ་ ༦༨ ཆོས་ཞུ་བ་ཕེབས་པ་དང་། དེ་ཁོངས་ནས་བོད་པ་ ༦༠༠༠ ལྷག་དང་། རྒྱ་གར་བ་མི་གྲངས་ ༣༨༠༠ ལྷག འབྲུག་པ་ ༢༠༠ ལྷག་ཁྱོན་ད་བར་མིང་ཐོ་དེབ་འགོད་གནང་མཁན་ ༡༣༠༦༨ བྱུང་འདུག་པ་བཅས།།