༢༠༡༧ ཟླ་ ༡༢ ཚེས་ ༣༠ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༠ སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་དུ་སེམས་དང་སེམས་ཀྱི་བྱེད་ལས་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཁྲ་འགུ་རིན་པོ་ཆེ་མཆོག་སོགས་སྐུ་མགྲོན་རྣམ་པ་དང་།
དེ་བཞིན་མུ་སྟེགས་པའི་གྲུབ་མཐའ་སྨྲ་བའི་ཁོངས་ནས་གྲངས་ཅན་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ལྕམ་སྐུ་ཇོ་ཤི་མཆོག Prof.Shubhda Joshi དང་། གཉིས་མེད་རིག་བྱེད་མཐའ་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ལྕམ་སྐུ་རུ་པ་བྷན་དུ་ཨུ་པདྱཱ་ Prof.Rupa Bandopadhya མཆོག
དེ་བཞིན་རིག་པ་ཅན་པའི་ལྟ་གྲུབ་སྨྲ་བའི་མཁས་དབང་ས་ཅིཏཨཱནནྡ་མིཤྲ་ Prof. Sachchidanand Mishra མཆོག་སོགས་དང་། གཞན་ཡང་ཝཱ་ཎ་གཙུག་ལག་སློབ་ཁང་གི་རིགས་བདག་དགེས་བཤེས་ངག་དབང་བསམ་གཏན་མཆོག་དང་༸སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས།
ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་རྒྱ་གཞུང་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་སྡིངས་ཆེའི་སྟེང་བཞུགས་གྲལ་དུ་འཁོད་མཚམས་ཐོག་མར་ཝཱ་ཎ་གཙུག་ལག་སློབ་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན།
དེ་རིང་འདིར་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལེགས་བཤད་དང་དེང་དུས་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་ནི་རང་ཅག་རྣམ་ཀྱི་བསོད་ནམས་ཀྱི་བགོ་བསྐལ་ཡིན། འདིར་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་གྲངས་ཅན་པ་དང་། རིག་པ་ཅན་པ། བྱེ་བྲག་པ། རིག་བྱེད་མཐའ་པ། རྒྱལ་བ་པ། གཉིས་མེད་རིག་བྱེད་མཐའ་པ། དེ་བཞིན་ནང་པ་སངས་རྒྱས་པའི་གནས་བརྟན་སྡེ་པ་དང་ཐེག་ཆེན་སྡེ་པའི་མཁས་དབང་དང་དགེ་བཤེས་སོགས་ཆེད་མངགས་ཕེབས་བཞུགས་གནང་ཡོད།
རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དེ་དག་ལོ་ངོ་སྟོང་ཕྱིན་པའི་ལྟ་གྲུབ་ཡིན། ལྟ་གྲུབ་དེ་དག་ལ་བརྟེན་ནས་རྒྱ་གར་ནང་ཚད་མ་རིག་པ་དང་། གྲུབ་མཐའི་རྣམ་གཞག གཏན་ཚིགས་རིག་པའི་རྣམ་གཞག་སོགས་ཡར་རྒྱས་ཚད་མཐོན་པོར་སོན་ཐུབ་པ་བྱུང་ཡོད།
རྒྱང་འཕེན་པ་མ་གཏོགས་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་གཞན་ཚང་མས་སེམས་དེ་གཙོ་བོར་འཛིན་ནས་རིག་པའི་རྣམ་གཞག་གཏན་ལ་འབེབས་བཞིན་པ་མ་ཟད། སེམས་ལ་བཟོ་ལྟ་བཟོས་ནས་མཐར་གྲུབ་པའི་གོ་འཕང་ཐོབ་ཐབས་བྱེད་བཞིན་ཡོད། ལྟ་གྲུབ་དེ་དག་གི་མཐར་ཐུག་དམིགས་ཡུལ་ནི་སེམས་ཞི་བདེ་ལྡན་པ་ཞིག་བཟོ་ཐབས་ཆེད་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་དེ་རིང་གལ་ཆེའི་ལྷན་ཚོགས་འདི་འདྲ་ཞིག་ལ་བཅར་རྒྱུ་བྱུང་བ་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། ད་ཆ་དུས་རབས་ ༢༡ འགོ་སྟོད་སྐབས་ཡིན། ལོ་ངོ་སྟོང་གི་རིང་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཁྲོད་ང་ཚོས་མིའི་རྣམ་དཔྱོད་དེ་མཚམས་རེ་བེད་སྤྱོད་ལོག་པ་བཏང་ནས་ཕྱིན་ཡོད། དམག་ཟེར་བའི་བསམ་བློ་དེ་ཡང་མིའི་རིགས་ཀྱི་སྤྱི་ཚོགས་ཁོ་ནའི་ནང་མ་གཏོགས་མེད།
སྤྲིའུ་དང་དུད་འགྲོ་ཁག་གཅིག་ཕན་ཚུན་འཁྲུག་རྩོད་བྱེད་ཀྱང་མིས་དམག་བརྒྱབ་པ་ལྟ་བུ་ཚད་ལས་བརྒལ་བའི་གཏོར་བཤིག་རིགས་བྱེད་ཀྱི་མེད། ང་ཚོས་བསམ་ཚུལ་མི་མཐུན་པ་དང་ལྟ་གྲུབ་མི་མཐུན་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་དེ་གནའ་སྔ་མོའི་བསམ་བློའི་ཐོག་ནས་དྲག་པོའི་སྲིད་བྱུས་འོག་སེལ་ཐབས་བྱེད་བཞིན་ཡོད།
བསམ་བློ་དེ་ད་ལྟའི་དངོས་ཡོད་གནས་སྟངས་དང་བསྡུར་བ་ཡིན་ན་ལོ་ངོ་སྟོང་ཕྲག་ཕྱིན་པའི་རྗེས་ལུས་ཀྱི་བསམ་བློ་ཞིག་ཆགས་ཟིན་ཡོད། འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་རྣམས་འདོད་རུང་མ་འདོད་རུང་མཉམ་དུ་འཚོ་དགོས། ཤར་ནུབ་ཡུལ་གྲུར་མཚོན་ནའང་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་གནས་སྟངས་ཆགས་ཡོད། དེ་བཞིན་གོ་ལའི་ཚ་དྲོད་དང་དཔལ་འབྱོར་གནས་སྟངས་ཐོག་ནས་བརྗོད་ནའང་རྒྱལ་ཁབ་ཀྱི་ས་མཚམས་ཟེར་བ་འབྲེལ་བ་དེ་ཙམ་མེད་པར་གྱུར་ཟིན། གོ་ལའི་ཚ་དྲོད་དང་དཔལ་འབྱོར་གྱི་དཀའ་ངལ་དེ་དག་ཛ་དྲག་གི་དཀའ་ངལ་གསར་པ་ཞིག་རེད།
ད་ཆ་དམག་དང་དྲག་པོའི་སྟོབས་ཤུགས་འོག་ནས་དཀའ་ངལ་སེལ་ཐབས་མེད་སྟབས་གྲོས་མོལ་ལམ་ནས་དཀའ་ངལ་དང་བསམ་ཚུལ་མི་མཐུན་པ་རྣམས་སེལ་ཐབས་བྱ་རྒྱུའི་དུས་ལ་བབ་ཡོད། དེར་བརྟེན་ངོས་ཀྱི་དུས་རབས་ ༢༡ འདི་གྲོས་མོལ་དང་ཞི་བདེའི་དུས་རབས་ཤིག་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་འབད་བརྩོན་བྱ་དགོས།
གྲོས་མོལ་བྱ་དགོས་བརྗོད་སྐབས་ཉམས་དམའ་པོ་ཡིན་པ་ཞིག་ལ་བསམ་བློ་གཏོང་རྒྱུ་མེད། གྲོས་མོལ་བྱ་རྒྱུ་བརྗོད་སྐབས་རྣམ་དཔྱོད་ལྡན་པའི་སྐད་ཆ་རེད། དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་འགྲོ་མཁན་ཡིན་པའི་རྟགས་རེད། ད་ལྟའི་འཛམ་གླིང་དངོས་ཡོད་གནས་སྟངས་ལ་བསམ་བློ་བཏང་བ་ཡིན་ནའང་རྡུལ་ཕྲན་མཚོན་ཆ་ཡོད་ཀྱང་གནའ་སྔ་མོའི་དམག་འཐབ་དང་གཅིག་པ་ཞིག་རྩ་བ་ནས་མིན།
གནའ་སྔ་མོ་ཡིན་ན་དམག་བརྒྱབ་སྟེ་རང་རྒྱལ་གཞན་ཕམ་ཟེར་བའི་སྐད་ཆ་བཤད་ཆོག་ཀྱང་། དེང་སྐབས་དངོས་ཡོད་གནས་སྟངས་ནི་གལ་ཏེ་ང་ཚོས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་ཡིན་ནའང་ཕྱོགས་གཉིས་ཀ་རྩ་མེད་དུ་འགྲོ་རྒྱུ་ངེས་པ་རེད། འོན་ཀྱང་བསམ་ཤེས་མ་བྱས་པར་དུས་ད་ལྟའང་རྡུལ་ཕྲན་མཚོན་ཆས་གཙོས་ཕན་ཚུན་གཉིས་མེད་བཟོ་རྒྱུའི་མཚོན་ཆར་འགྲོ་སོང་ཧ་ཅང་ཕོན་ཆེ་བཏང་དང་གཏོང་བཞིན་ཡོད།
འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བདེ་དོན་ཐོག་བསམ་བློ་གཏོང་མཁན་ཞིག་ཡིན་ན་འགན་ཏོག་ཙམ་ཡོད། དཀའ་ངལ་དེ་དག་འཕྲད་དགོས་པའི་རྒྱུ་མཚན་ནི་མིའི་རྣམ་དཔྱོད་བེད་སྤྱོད་ཡག་པོ་མ་བྱས་པའི་ཉེར་ལེན་ལ་བརྟེན་བྱུང་བ་ཞིག་ཡིན། མིའི་རིགས་ལ་ཕུལ་དུ་བྱུང་བའི་རྣམ་དཔྱོད་ཡོད་པ་དེ་ཁོང་ཁྲོ་དང་རང་འདོད། རང་གཅེས་འཛིན་སོགས་ཉོན་མོངས་པའི་མཛོད་ཁང་ལྟ་བུ་བྱས་ནས་འགྲོ་བཞིན་འདུག
ང་ཚོས་ཚོགས་འདུ་འདི་ལྟ་བུ་བརྒྱུད་ནས་གཞོན་སྐྱེས་མི་རབས་གསར་པ་རྣམས་བྱམས་བརྩེ་ལྡན་པའི་མི་རབས་ཤིག་བཟོ་ཐབས་བྱ་དགོས། ངོས་ཀྱིས་དྲང་པོར་བརྗོད་ན་ད་ལྟའི་ཤེས་ཡོན་ལམ་ལུགས་དེས་འདང་གི་མིན་འདུག གང་ཡིན་བརྗོད་ན་ད་ལྟའི་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་དང་། དཔལ་འབྱོར་ཁོ་ནར་དམིགས་ནས་འགྲོ་བཞིན་པ་མ་གཏོགས་ནང་གི་རིན་ཐང་ལ་དོ་སྣང་སྤྲད་ཀྱི་མེད།
སྤྱིར་ངོས་ཀྱི་ཆོས་ལུགས་ཚང་མར་གུས་པ་བྱེད་བཞིན་ཡོད། ངོ་མཚར་ལྡན་པ་རེད། ལོ་ངོ་སྟོང་ཕྲག་རིང་མི་གྲངས་ས་ཡ་མང་པོར་ཕན་ཐོགས་ཧ་ཅང་བྱུང་ཡོད། ཧ་ལས་པ་རེད། འོན་ཀྱང་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་རྒྱས་པོ་ཡོད། ལྷག་མཐོང་གི་དགོས་དོན་ཡང་གཙོ་བོ་དངོས་པོའི་གནས་ལུགས་ལ་དཔྱད་པ་བྱ་རྒྱུ་དེ་རེད། ཞི་ལྷག་གཉིས་པོས་བློའི་འགྲོ་སྟངས་སྐོར་འཆད་བཞིན་ཡོད།
སྤྱིར་སྟངས་རྣམ་གཞག་དེ་དག་ཆོས་ཕྱོགས་དང་འབྲེལ་བ་ཡོད། འོན་ཀྱང་ད་ཆ་ང་ཚོས་རྣམ་གཞག་དེ་དག་ཆོས་ཕྱོགས་ཀྱི་སྡེ་ཚན་ཁོ་ན་མིན་པར་ཤེས་ཡོན་སྤྱིའི་སྡེ་ཚན་ནང་གཞག་དགོས་འདུག ད་ལྟའི་འཛམ་གླིང་ནང་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་ཡོད། མོ་འབོར་ས་ཡ་མང་པོར་དཀའ་ངལ་ཧ་ཅང་འོག་མྱོང་བཞིན་ཡོད་པར་བརྟེན་དཀའ་ངལ་དེ་དག་ལས་གྲོལ་བ་བྱ་རྒྱུར་ང་ཚོ་ལའང་ལས་འགན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ལས་རིམ་གཙོ་སྐྱོང་བ་སློབ་དཔོན་ཀ་བྷེ་ཛོན་ Prof.Jose Cabezon ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་སྟེ་བགྲོ་གླེང་ལྷན་ཚོགས་དབུ་འཛུགས་གནང་ཡོད་པ་བཅས།།