༢༠༡༧ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མ་ཧཱ་རཱཤཏྲ་མངའ་སྡེའི་རྒྱལ་ས་མུམ་བྷེའི་སོམྱཱ་ཝིཌཡ་ཝི་ཧཱར་ལྟེ་གནས་ཁང་གི་ཚོགས་ཁང་དུ་རྒྱ་གར་གྱི་གནའ་རབས་ལེགས་བཤད་སླར་གསོའི་གལ་གནད་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་འཁོད་མཚམས་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་ཝ་ན་ཐེབས་རྩའི་ Vana Foundation རིག་པའི་སྣང་གསལ་Vidyaloke ཞེས་པའི་ཚོགས་པའི་འགན་འཛིན་སྐུ་ཞབས་ཝིར་སིངྒ་Veer singh ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་སྡིངས་ཆའི་སྟེངས་༸ཞབས་སོར་འཁོད་བསྟུན་མཐོ་སློབ་ཀྱི་དགེ་སློབ་དང་། ལས་བྱེད། ཁུལ་དེར་གནས་པའི་བོད་པའི་སུད་ཚོང་བ། གཞན་ཡང་རྒྱ་གར་མི་མང་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ། དེ་ཡང་༸གོང་ས་མཆོག་གི་དེང་དུས་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ན་གཙོ་བོར་འཛིན་བཞིན་པའི་དུས་སྐབས་འདིར་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་། བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་རིན་ཐང་དེ་དག་སྣང་མེད་དུ་གཏོང་བཞིན་པར་བརྟེན་མིས་བཟོས་པའི་དཀའ་ངལ་མང་དག་གཅིག་འཕྲད་བཞིན་ཡོད།
དེར་བརྟེན་དཀའ་ངལ་དེ་དག་སེལ་བར་ནང་གི་བསམ་བློ་གཏོང་སྟངས་ཡར་རྒྱས་གཏོང་དགོས་སྟབས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེ་དག་ལས་ནང་གི་བསམ་བློའི་སློབ་གསོ་ཧ་ཅང་ཕྱུག་པོ་ཡོད་སྟབས་ལེགས་བཤད་དེ་དག་དེང་སྐབས་རྒྱ་གར་རང་གི་ནང་བར་ལམ་ཉམས་ཆག་ཕྱིན་ཡོད་ཀྱང་། བོད་དུ་དུས་རབས་ ༨ ནང་རྒྱ་གར་གནའ་རབས་དཔལ་ནཱལེནྡཱའི་པཎ་གྲུབ་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨའི་ངང་ཚུལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་ཀྱིས་ནང་ཆོས་དར་སྤེལ་མཛད་པ་ནས་བཟུང་བོད་མི་ཚོས་ལེགས་བཤད་དེ་དག་ལོ་ངོ་སྟོང་གི་རིང་འཛིན་སྐྱོང་སྤེལ་གསུམ་ཐོག་ནས་གཅེས་ཉར་བྱས་འབྲས་སུ་ད་ཆ་ལེགས་བཤད་དེ་དག་ལ་སློབ་གཉེར་ཚུལ་བཞིན་གནང་དགོས་ན་བོད་སྐད་ཁོ་ནའི་ནང་མ་གཏོགས།
གཞན་ལེགས་སྦྱར་སྐད་ཡིག་ནི་ད་ཆ་བེད་མེད་དུ་གྱུར་ཟིན་པ་དང་། ཧིན་སྐད་དང་དབྱིན་སྐད་སོགས་ནང་དཔལ་ནཱ་ལེནྡཱི་ལེགས་བཤད་དེ་དག་ཆ་ཚང་བ་ཞིག་སློབ་གཉེར་བྱ་རྒྱུ་ཟེར་བ་ཡོང་ཐབས་རྩ་བ་ནས་མེད་པར་བརྟེན་བོད་ཀྱི་སྐད་ཡིག་ཁོ་ན་ཡིན། ཞེས་དང་། ༸གོང་ས་མཆོག་༸སྐུ་སྒེར་ལ་མཚོན་ནའང་རྒྱ་གར་གྱི་བུ་ཞིག་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་སྐོར་དང་། དགོངས་བཞེས་དེ་ལྟར་མཛད་དགོས་པའི་རྒྱབ་ལྗོངས་གནས་སྟངས་དེའང་༸གོང་ས་མཆོག་གི་ཐུགས་ཀྱི་མཁྱེན་པའི་ཡོན་ཏན་ལ་མཚོན་ན་དཔལ་ནཱ་ལེནྡཱའི་ལེགས་བཤད་ལས་བྱུང་བ་མ་ཟད། ༸སྐུ་གཟུགས་ལ་མཚོན་ནའང་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་བར་རྒྱ་གར་གྱི་འབྲས་དང་སྲན་མ་སོགས་ལ་བརྟེན་ནས་༸སྐུ་འཚོ་བཞུགས་མཛད་ཡོད་སྐོར་བཀའ་སློབ་སྩལ་བ་དང་།
རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ནང་འཚེ་མེད་ཞི་བ་ Ahimsa དང་། སྙིང་རྗེའི་ Karuna སྐོར་དེ་དག་རླབས་ཆེན་ཡིན་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་གྱི་གནའ་རབས་ལེགས་བཤད་ལ་མཚོན་ན་སྟོན་པ་བཅོམ་ལྡན་འདས་མ་བྱོན་གོང་ནས་རྒྱ་གར་ནང་གྲངས་ཅན་པའི་ཆས་ལུགས་སོགས་དར་ཡོད། ལྷག་པར་ལེགས་བཤད་དེ་དག་ནང་འཚེ་མེད་ཞི་བ་ Ahimsa དང་། སྙིང་རྗེའི་ Karuna སྐོར་དེ་དག་ལ་བརྟེན་ནས་རྒྱ་གར་སྤྱི་ཚོགས་ནང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་སྟོང་གི་རིང་ནས་གནས་ཐུབ་ཡོད། ཁ་སྔོན་རྡ་སར་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷིས་སྟོན་གནང་མཛད་པའི་ལམ་གྱི་རྗེས་སུ་འཇུག་པ། ཞེས་པའི་ལྷན་ཚོགས་ཐོག་ངོས་ཀྱིས་དེ་འདྲ་བརྗོད་རྒྱུ་བྱུང་། ང་ཚོ་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་ལྟ་བུ་ཆགས་དགོས་ན་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེ་དག་ལ་སློབ་གཉེར་བྱ་དགོས། འདི་ནི་དངོས་བདེན་རེད། གང་ཡིན་བརྗོད་ན། སྐྱེས་ཆེན་དམ་པ་ཁོང་རྣམས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེ་དག་ལ་སྦྱངས་བརྩོན་གནང་བར་བརྟེན་དེ་ལྟར་ཆགས་པ་རེད། སྟོན་པ་མ་བྱོན་གོང་ནས་རྒྱ་གར་ནང་ཞི་གནས་དང་ལྷག་མཐོང་སྐོར་སོགས་ཐོས་བསམ་སྒོམ་གསུམ་བྱེད་སྲོལ་ཡོད་འདུག
ངོས་ཀྱིས་ནང་ཆོས་སྤེལ་ཐབས་རྩ་བ་ནས་བྱེད་ཀྱི་མེད། བྱེད་ཕྱོགས་དེར་ངོས་རང་མོས་མཐུན་ཡང་མེད། ཆོས་བྱེད་མིན་གང་ཟག་སྒེར་སོ་སོས་ཐག་གཅོད་བྱ་རྒྱུ་དང་། ལྷག་པར་ཆོས་ཇི་འདྲ་ཞིག་བྱེད་མིན་དེའང་གང་ཟག་རང་གིས་ཐག་གཅོད་དགོས་པའི་གནད་དོན་ཞིག་རེད། ཡེ་ཤུའི་ཆོས་པ་ཚོས་སྤྱིར་སྤྱི་ཚོགས་བདེ་དོན་ལ་སྨན་པའི་སྨན་ཁང་དང་སློབ་གྲྭ་འཛུགས་རྒྱུ། ཉམ་ཐག་མགོན་མེད་ཚོར་ལྟ་རྟོག་བྱ་རྒྱུ་སོགས་ལ་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་བཞིན་ཡོད། འོན་ཀྱང་ཁོང་ཚོས་སྐབས་རེ་ཆོས་ལུགས་སྒྱུར་ཐབས་བྱེད་བཞིན་ཡོད། ལྟ་གྲུབ་མེད་མཁན་གདོད་མའི་ཆོས་ལུགས་གཙོ་བོ་རྨོངས་དད་རྗེས་སུ་འབྲང་མཁན་རྣམས་སྒྱུར་ཐབས་བྱས་ན་ཏོག་ཙམ་ཕན་ཐོགས་ཡོད་སྲིད་ཀྱང་། ལྟ་གྲུབ་ཡོད་པའི་ཆོས་ལུགས། སྔ་ནས་ཧྲ་ཚུགས་ཟིན་པའི་ཆོས་ལུགས་དེ་དག་གི་རྗེས་སུ་འབྲང་མཁན་རྣམས་ཡེ་ཤུར་སྒྱུར་ཐབས་བྱས་ན་ཏོག་ཙམ་རྙོག་དྲ་ཚ་པོ་ཆགས་རྒྱུ་རེད། ཅེས་བཀའ་སློབ་སྩལ་བ་མ་ཟད། ༸སྐུའི་རླབས་ཆེན་གྱི་མཛད་འགན་གཙོ་བོ་གསུམ་ལས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་གོ་སྒྲིག་མང་ཙམ་གནང་ཐབས་དགོས་གལ་ཆེ། དེ་སྔ་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་དུས་ཚིགས་ཁྱད་པར་ཅན་ Buddha Jayanti སྲུང་བརྩི་རྒྱ་ཆེན་པོ་ཞིག་ཞུས་ཡོད། སྐབས་དེར་སྐུ་ཞབས་རཱཇེནྡྲ་པྲ་སཱཌ་མཆོག་རྒྱ་གར་གྱི་སྲིད་President Dr. Rajendra Prasad འཛིན་རེད། དེ་ལྟ་བུ་ཞིག་གོ་སྒྲིག་གནང་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་འདུག དེང་སྐབས་སུའང་འཛམ་གླིང་ནང་ཆོས་ལུགས་མང་པོ་ལོ་ངོ་སྟོང་གི་རིང་ནས་འཆམ་མཐུན་ངང་མཉམ་གནས་ཐུབ་མཁན་ཧ་ལམ་རྒྱ་གར་འཕགས་ཡུལ་འདི་ཁོ་ན་ཆགས་ཡོད་སྟབས། རྒྱ་གར་གཞུང་གིས་ཆོས་ལུགས་གཞན་གྱི་རྗེས་འབྲང་པ་ཚོར་རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་ཁག་གི་གནས་སར་གནས་མཇལ་གོ་སྒྲིག་གནང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་གོང་འཕེལ་གཏོང་ཐབས་གནང་དགོས་པ་ཧ་ཅང་གལ་ཆེར་མཐོང་བཞིན་འདུག
སྤྱིར་རྒྱ་གར་ནང་ཆོས་ལུགས་ཙམ་མ་ཟད། རིག་གཞུང་དང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་ཀྱང་རྒྱལ་ཁབ་གཅིག་གི་ངོ་བོར་ཆིག་སྒྲིལ་ངང་གནས་ཡོད། འདི་ནི་རླབས་ཆེན་རེད། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེའང་དེལྟར་རེད། སྤྱིའི་ཁེ་ཕན་ལ་བསམ་བློ་བཏང་ནས་སྒེར་གྱི་ཁེ་ཕན་ཆུང་ཙག་རིགས་བློས་གཏོང་བྱས་ནས་འགྲོ་བཞིན་ཡོད། སྐབས་རེ་ངོས་ཀྱིས་ཆབ་སྲིད་ཀྱི་ས་མཚམས་ཟེར་བ་དེ་མེད་པ་བཟོ་ཐུབ་རོགས་བྱུང་ན་བསམ་པ་དྲན་བཞིན་འདུག དེ་འདྲ་བྱུང་ན་རྒྱ་གར་དང་པ་ཀི་ས་ཐན་དབར་འཆམ་མཐུན་ཡོང་ཐུབ་རྒྱུ་དང་། སྤྱི་པའི་སྒྲིག་འཛུགས་གཅིག་འོག་གཙོ་བོ་རྒྱལ་ཁབ་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་གཙོ་བོ་ཡིན།
ཞེས་དང་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གསུམ་པ་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་མཛད་རྒྱུའི་སྐོར་བཀའ་སློབ་སྩལ་དོན། ངོས་རང་བོད་མི་ཞིག་ཡིན། བོད་མི་ས་ཡ་ ༦ གིས་ངོས་ལ་རེ་བ་བྱེད་བཞིན་ཡོད། དེར་བརྟེན་ངོས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། ཁོར་ཡུག་ཐོག་མ་ཤི་བར་དུ་སྲུང་སྐྱོབ་བྱ་རྒྱུ་འདི་ངོས་ཀྱི་འགན་རེད།
ད་ཆ་ངོས་ལ་མཚོན་ན་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྒན་ཡོལ་ཆ་ཚང་ཞུས་ཟིན་པ་ཡིན། ཕྱི་ལོ་ ༢༠༠༡ ནས་ཕྱེད་རྒན་ཡོལ་བྱས་ནས་བསྡད་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་རྒན་ཡོལ་ཆ་ཚང་ཞུས་པ་མ་ཟད། ཏཱ་ལའི་བླ་མས་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཟེར་བའི་ལམ་ལུགས་དེ་དགའ་ཞིང་སྤྲོ་ཞིང་། དང་དུ་བླངས་ནས་སྤོབས་པ་དང་བཅས་ཏེ་སྒོ་བརྒྱབ་པ་ཡིན། དེར་བརྟེན་ད་ཆ་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་ཚོས་ལས་འགན་འཁྱེར་ནས་འགྲོ་བཞིན་ཡོད།
དེར་བརྟེན་ད་ཆ་ངོས་རང་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན། བོད་ཀྱི་ཁོར་ཡུག་ལ་མཚོན་ནའང་རྨ་འབྲི་རྫ་གསུམ་གྱིས་མཚོན་གཙང་པོ་ཆེ་ཁག་དེ་དག་ལ་བརྟེན་ནས་ཡང་ཙེ་དང་མེ་ཀོང་སོགས་གཙང་ཆུ་དེ་དག་བྱུང་ཡོད། གཙང་པོ་དེ་དག་ལ་མི་འབོར་ཐེར་འབུམ་ཙམ་འཚོ་རྟེན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་ལྟེ་གནས་ཁང་གིས་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་དེར་ཕྱི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་རིང་བླང་དོར་བཀའ་སློབ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་སོགས་ཆོས་འབྲེལ་སྩལ་བ་མ་ཟད།
ལྷག་པར་དེ་རིང་གྱི་ཉིན་མོ་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་ནི་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་གཟེངས་རྟགས་ཚོགས་ཆུང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་སྤེལ་གྱི་མཛད་པ་རླབས་ཆེན་བསྐྱངས་པར་ངོས་འཛིན་ཞུ་ཆེད་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༨ འཁོར་བའི་དུས་ཚིགས་ཁྱད་པར་ཞིག་ཡིན་སྟབས་ལྟེ་གནས་ཁང་གི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝིར་སིངྒ་ལགས་ Veer Singh དང་། ས་མིར་སོ་མཡཱ་ Samir Somaiya ལགས་ཀྱིས་གཙོས་འབྲེལ་ཡོད་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་དང་། བཀྲ་ཤིས་རྟགས་བརྒྱད་རི་མོར་བཀོད་པའི་ཕྱག་རྟགས་འབུལ་ལམ་ཞུས་འདུག
ཕྱི་ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།