ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མ་ཧཱ་རཱཤཏྲ་མངའ་སྡེའི་རྒྱལ་ས་མུམ་བྷེའི་སོམྱཱ་ཝིཌཡ་ཝི་ཧཱར་ལྟེ་གནས་ཁང་གི་ཚོགས་ཁང་དུ་རྒྱ་གར་གྱི་གནའ་རབས་ལེགས་བཤད་སླར་གསོའི་གལ་གནད་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ཁུལ་དེར་༸ཞབས་སོར་འཁོད་མཚམས་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་ཝ་ན་ཐེབས་རྩའི་ Vana Foundation རིག་པའི་སྣང་གསལ་Vidyaloke ཞེས་པའི་ཚོགས་པའི་འགན་འཛིན་སྐུ་ཞབས་ཝིར་སིངྒ་Veer singh ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དུ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དབུ་གཡབ་ཏུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ།
སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་གཞུང་འཛིན་ཚོགས་པའི་ BJP འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ཤར་མ་ Ram Swaroop Sharma མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་ཆེ་ཕྲ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷག་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཚང་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་གུས་འདུད་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ།
དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་རྗེས། བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུ་བ་ལུགས་མཐུན་བགྲེས་ཡོལ་དང་། བགྲེས་ཡོལ་སྔ་བསྣུར་ཕེབས་མཁན་ལ་རྗེས་དྲན་ལེགས་གསོལ་ཕྱག་འཁྱེར་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་རེ་གནང་སྲོལ་ཡོད་པ་ལྟར། འདི་ལོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་ཟུར་པ་བསོད་ནམས་བསྟན་འཛིན་ལགས་དང་། བཀའ་ཡིག་ཁྱབ་ཁོངས་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་ཚན་པའི་འགན་འཛིན་ཟུར་པ་༼ཚེ་འདས་༽མཛོད་ཚང་ཚེ་རིང་རྡོ་རྗེ་ལགས་ལ་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གནང་།
དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ Ram Swaroop ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པ་ནས་འདི་ལོའི་དབྱར་སྐྱིད་ ༢༠༡༧༼བྱམས་བརྩེའི་རིན་ཐང་།༽ ཞེས་པའི་འོད་སྡེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་གཞུང་འཛིན་ཚོགས་པའི་འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ཤར་མ་མཆོག་གིས་དབུ་འབྱེད་གནང་གྲུབ་མཚམས་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོངས་སྦྱང་གནང་རྗེས་དཔལ་ལྡན་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་མགྲོན་གཙོ་བོ་མཆོག་ལ་དམིགས་བསལ་འཚམས་འདྲི་དང་འབྲེལ་ཆེས་མཐོའི་ཕྱག་རྟགས་ཤིག་ཕུལ་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་གཞུང་འཛིན་ཚོགས་པའི་ BJP འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ཤར་མ་ Ram Swaroop Sharma མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེའི་བཀའ་སློབ་ལམ་སྟོན་གནང་བར་བརྟེན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་བརྒྱད་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་ངས་བོད་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་བརྟེན་འཛམ་གླིང་ཡོངས་ལ་དཀའ་ངལ་འཕྲད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་དབུས་བོད་མི་རྣམས་ཀྱིས་བོད་མི་རིགས་དང་རྩ་དོན་སླད་སྐུ་ལས་སྐྱོན་བཞིན་ཡོད་པར་བརྟེན་འཛམ་གླིང་ཡོངས་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་སྟབས། བོད་དོན་བདེན་མཐའ་མྱུར་དུ་གསལ་རྒྱུར་ང་ཚོ་རྒྱ་གར་བ་རྣམས་ལ་ཡིད་ཆེས་ཡོད། ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་གཞིར་བཟུང་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱེད་ཀྱི་ཡོད། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཞི་བའི་མི་མང་ཆེ་མཐོང་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་དགོས་པའི་རྒྱ་གར་སྲིད་འཛིན་དང་སྲིད་བློན་མཆོག་དང་མཇལ་འཕྲད་གནང་སྟེ་འབོད་བསྐུལ་ཞུ་རྒྱུ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བསྩལ་གནང་ཡོང་ཆེད་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་ཞུའི་གསོལ་འདེབས་ཞུ་དགོས་པའི་རེ་འདུན་བཅས་གྲོས་ཆོད་གཙོ་བོ་གཉིས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་གཞུང་འབྲེལ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས།