༢༠༡༧ ཟླ་ ༡༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ཤཱ་ལའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་ནང་བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་རྒྱ་གར་མངའ་སྡེ་འདྲ་མིན་ནས་ཕེབས་པའི་མེས་པོ་དམ་པ་གཱན་དྷིའི་རྗེས་འབྲང་པ་ཁག་གཅིག་ལ། སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷིས་བཏོན་པའི་ལམ་གྱི་རྗེས་སུ་འཇུག་པ། ཞེས་པའི་འཛམ་གླིང་ཞི་བདེའི་ལྷན་ཚོགས་སུ་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་ཀུ་ལུ་ Kullu ས་གནས་སུ་རྟེན་གཞི་བྱས་པའི་ཧི་མཱ་ལ་ཡ་ནང་པའི་རིག་གཞུང་སློབ་གྲྭའི་ Himalayan Buddhist Cultural School བུད་མེད་ཀྱི་སློབ་ཕྲུག་རྣམས་ནས་ཤིས་བརྗོད་བཏོན། དེ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དྷི་བསྟི་གནས་ཁང་ Gandhi Smiriti and Darshan Samiti གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཱན་དྷི་རྗེས་འབྲང་པ་སྐུ་བགྲེས་པ་སྐུ་ཞབས་ལག་ཤི་མི་དཱས་ Laxmi Dass ལགས་སོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་ཐུན་མིན་དབུ་ཞྭ་དང་། གོས་གཟན། དེ་བཞིན་གཱན་དྷིའི་འཁོར་ལོ་སོགས་འབུལ་ལམ་ཞུས་ཏེ་ཆེ་བསྟོད་རྒྱ་ཆེ་ཞུས།
དེ་རྗེས་ཐོག་མར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དྷི་རྗེས་དྲན་དང་ལྟ་གྲུབ་འཛིན་སྐྱོང་བསྟི་གནས་ཁང་ Gandhi Smiriti and Darshan Samiti གི་ལས་འཆར་ཚན་པའི་འགན་འཛིན་སྐུ་ཞབས་བྷྱས་ཀུན་ཌུ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་དོན། དེ་རིང་ང་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འཛམ་གླིང་ཞི་བདེའི་དབུ་ཁྲིད་ཀྱི་བཀའ་སློབ་ཉན་རྒྱུའི་གོ་སྐབས་ཐོབ་པ་ནི་ཧ་ཅང་སྐལ་པ་བཟང་པོ་རེད། ༸གོང་ས་མཆོག་གིས་ང་ཚོར་དུས་ཚོད་གསོལ་སྩལ་མཛད་པར་ངས་གཱན་དྷི་བསྟི་གནས་ཁང་དང་གོ་སྒྲིག་ཚོགས་ཆུང་གི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས། ཧི་མཱ་ཅལ་མངའ་སྡེའི་མཐོ་སློབ་ Central University of Himachal Pradesh ཀྱི་ཉེ་བའི་རིགས་བདག་ Vice Chancellor སྐུ་ཞབས་ཀུལ་ཌིབ་ཅནྡ་ཨགྣི་ཧོཏྟྲི་ Kuldeep Chand Agnihotri མཆོག་གིས་གསུང་བཤད་གནང་།
དེ་ནས་ལྡི་ལིར་རྟེན་གཞི་བྱས་པའི་གཱན་དྷི་རྗེས་དྲན་དང་ལྟ་གྲུབ་འཛིན་སྐྱོང་བསྟི་གནས་ཁང་ Gandhi Smiriti and Darshan Samiti གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཱན་དྷི་རྗེས་འབྲང་པ་སྐུ་བགྲེས་པ་སྐུ་ཞབས་ལག་ཤི་མི་དཱས་ Laxmi Dass ལགས་ཀྱིས་གསུང་བཤད་གནང་གྲུབ་མཚམས་བཀའ་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བའི་སྙིང་པོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་གཤའ་མ་ཞིག་ཡོང་བར་ཐོག་མར་གང་ཟག་སོ་སོའི་ནང་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དགོས་པའི་ལམ་སྟོན་དེ་ནི་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་དགོངས་པ་ཡིན་ཞིང་།
ཕྱི་ལོ་ ༡༩༥༡ ལོ་ནས་བཟུང་ཕྱི་ལོ་ ༡༩༦༧ བར་གྱི་དུས་ཡུན་རིང་བོད་མིའི་འཐབ་རྩོད་དེ་མཐའ་གཅིག་ཏུ་འཚེ་བ་མེད་པ་ཞིག་མིན། འོན་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་ལ་འཇུག་དགོས་པའི་བཀའ་སློབ་ལམ་སྟོན་བསྟུད་མར་སྩལ་བའི་ཉེར་ལེན་ལ་བརྟེན་ནས་ད་ཆ་བོད་མི་རྣམས་ཀྱི་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱེད་བཞིན་ཡོད། ཁོར་ཡུག་དེའི་འོག་གཞིས་བྱེས་གཉིས་སུ་ད་བར་བོད་མི་ཚོར་གདུག་རྩུབ་དང་རྐྱེན་ངན་ཇི་འདྲ་ཞིག་ཕྲད་ཀྱང་ནམ་ཡང་འཚེ་བའི་ལམ་ལ་ཞུགས་མེེད། ལྷག་པར་མགོན་པོ་གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་གསུམ་གྱིས་ཞི་བདེ་དོན་གཉེར་བ་ཀུན་ལ་སྙིང་སྟོབས་དང་སེམས་འགུལ་ཧ་ཅང་ཤུགས་ཆེ་སྤེལ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་བྱམས་པ་དང་། བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་དེང་དུས་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཡོད་པ་དང་། དུས་རབས་ ༢༠ ད་ཆ་རྫོགས་ཟིན་སྟབས་དུས་རབས་ ༢༡ དེ་འཚེ་མེད་ཞི་བ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐབས་བྱ་དགོས་གལ། དེ་བཞིན་སངས་རྒྱས་ཤཀྱཱ་ཐུབ་པ་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་ལྟ་བུ་རྒྱ་གར་བ་ཡིན་ཞིང་། སྐྱེས་ཆེན་དམ་པ་ཁོང་རྣམས་ཀྱིས་གཙོ་བོ་མིའི་བསམ་བློར་རྣམ་རྟོག་འདྲ་མིན་ཡོད་པ་རྣམས་ལ་དཔྱད་པ་གནང་ནས་མི་བཟང་པོ་ཞིག་ཡོང་ཐབས་ཆེད་འབད་བརྩོན་གནང་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གཱན་དྷི་ལྟ་བུ་ཇི་ལྟར་ཡོང་ཐུབ་བམ་ཞེས་ང་ཚོས་བརྟག་དཔྱད་དང་ཉམས་ཞིབ་གནང་བ་ཡིན་ན། རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ལེགས་བཤད་དེ་དག་ལ་བརྟེན་ནས་འབྱུང་ཐུབ་པ་གསལ་པོ་རེད། དེར་བརྟེན་ང་ཚོས་ཀྱང་ཁོང་ཚོ་དང་འདྲ་བ་ཞིག་ཆགས་འདོད་ན་རྒྱ་གར་གྱི་གནའ་རབས་ལེགས་བཤད་ལ་ངེས་པར་དུ་སློབ་སྦྱོང་གནང་དགོས། འཛམ་གླིང་ནང་ཞི་བདེ་དགོས་ན་འགྲན་སེམས་དང་། འཁོན་འཛིན། ཞེ་སྡང་། ཕྲག་དོག་སོགས་ལ་བརྟེན་ནས་ཡོང་ཐབས་རྩ་བ་ནས་མེད། ཆོས་ཁས་ལེན་མིན་ཇི་ལྟར་ཡང་གཙོ་ཆེ་ནང་གི་བསམ་བློར་ཞི་བདེ་ཡོང་བ་ཞིག་བཟོ་ཐུབ་དགོས།
ང་ཚོས་རྙོག་དྲ་བཟོ་བཞིན་དུ་དཀོན་མཆོག་ལ་སྨོན་ལམ་རྒྱག་པ་དེ་ནི་ནང་འགལ་ཡིན། རྙོག་དྲ་དེ་དག་མིས་བཟོས་པ་ཡིན་སྟབས་དེ་དག་སེལ་རྒྱུའི་འགན་ཡོངས་རྫོགས་མི་ཁོ་ནར་ཡོད། ང་ཚོས་ལོ་སུམ་སྟོང་གོང་ཙམ་ནས་ཕལ་ཆེར་སྨོན་ལམ་བརྒྱབ་ནས་ཕྱིན་ཡོད། འོན་ཀྱང་། དེས་དཀའ་ངལ་དང་རྙོག་དྲ་རྩ་བ་ནས་བསལ་ཐུབ་མེད། ལོ་ངོ་ ༣༠༠༠ ཙམ་ནས་དར་བའི་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་དེ་དག་གིས་གཙོ་ཆེ་ནང་གི་གཤིས་རྒྱུད་འདུལ་ཐབས་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་བ་དང་། བོད་མི་ཚོར་མཚོན་ནའང་དུས་རབས་བརྒྱད་པའི་སྐབས་ཆོས་རྒྱལ་ཁྲི་སོང་ལྡེ་བཙན་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་ནས་ནང་ཆོས་དར་སྤེལ་མཛད་པ་དང་། བོད་ཀྱི་ཆོས་རྒྱལ་ཚོས་རྒྱ་ནག་རྒྱལ་པོའི་བཙུན་མོ་ཁབ་ཏུ་བཞེས་ཡོད་ཀྱང་བོད་ཀྱི་ཡིག་གཟུགས་དང་། བརྡ་སྤྲོད་པའི་རྣམ་གཞག ལྷག་པར་ནང་ཆོས་དེ་གཙོ་ཆེ་རྒྱ་ནག་ནས་མིན་པར་རྒྱ་གར་འཕགས་པའི་ཡུལ་ནས་བཞེས་ཡོད།
སྤྱིར་ངོས་ལ་མཚོན་ན་ནུབ་ཕྱོགས་པ་ངོ་ཤེས་གྲོགས་པོ་མང་པོ་ཡོད། ཁོང་རྣམས་ཕལ་ཆེ་བ་ཡེ་ཤུ་དང་ཇིའུ་སོགས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཀྱི་རྗེས་འབྲང་པ་རེད། འོན་ཀྱང་། རྒྱ་གར་ནང་ལོ་ངོ་ ༣༠༠༠ ཙམ་ནས་གྲངས་ཅན་པ་བྱུང་ཡོད། གྲངས་ཅན་པ་ལ་གྲངས་ཅན་ལྷར་བཅས་པ་དང་ལྷ་མེད་པ་བཅས་གཉིས་ཡོད། དེ་བཞིན་རྒྱ་གར་གྱི་གནའ་རབས་ཀྱི་ཆོས་ལུགས་ཁྲོད་གཅེར་བུ་བས་འཇིག་རྟེན་བཀོད་པ་པོ་མི་འདོད་ལ་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་བཀོད་པ་པོ་མི་བཞེད། ཆོས་ལུགས་དེ་དག་ཕལ་མོ་ཆེས་འཇིག་རྟེན་བཀོད་པ་པོ་མི་འདོད་པར་ལས་བྱེད་པ་པོ་གང་ཟག་རང་ཉིད་ཡིན་པར་འདོད།
དེར་བརྟེན་ཆོས་ལུགས་དེ་དག་གིས་གཙོ་བོ་ནང་གཤིས་རྒྱུད་དང་འབྲེལ་བའི་རྣམ་རྟོག་འདྲ་མིན་ཡོད་པ་རྣམས་ལ་དཔྱད་པ་བྱས་ནས་འགྲོ་བཞིན་ཡོད། དེའི་ཐོག་ནས་ཞི་གནས་དང་ལྷག་མཐོང་སོགས་བློ་སྦྱོང་ཚུལ་ཐོག་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོ་ནི་སྨོན་ལམ་རྒྱག་རྒྱུ་ཙམ་མ་གཏོགས་གཞན་བྱ་རྒྱུ་མེད་པ་ལྟ་བུ་འདུག འོན་ཀྱང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་དེ་དག་ནང་དུ་གཙོ་བོ་བསམ་བློ་གཏོང་སྟངས་ལ་འགྱུར་བ་བཏང་ནས་སེམས་ཇེ་བཟང་དུ་ཇི་ལྟར་གཏོང་དགོས་མིན་ཐད་སློབ་སྦྱོང་བྱེད་བཞིན་ཡོད། ཞི་གནས་སྐབས་གཙོ་བོ་སེམས་དམིགས་པ་རྩེ་གཅིག་པའི་ངང་གནས་ནས་ལྷག་མཐོང་སྐབས་དཔྱད་པ་བྱེད་བཞིན་ཡོད། ལྷག་པར་སྟོན་པ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་བྱུང་བའི་རྣམ་གཞག་དང་སྟོང་ཉིད་ཀྱི་ལྟ་བའི་རྣམ་གཞག་ཐོག་ནས་རིག་གཞུང་དེ་དག་དེ་བས་ཕྱུག་ཏུ་བཏང་ཡོད། སྟོང་ཉིད་ཀྱི་སྐོར་དེ་ནང་པའི་ཐུན་མོང་མིན་པ་ཞིག་ཡིན། ཞེས་དང་། བདག་ཉིད་ཆེན་པོ་གཱན་དྷིར་མཚོན་ན་ཕྱི་ཚུལ་ལ་སློང་མོ་བ་ལྟ་བུར་སྣང་ཡང་ནང་གི་རྟོགས་པའི་ཡོན་ཏན་སྤྱི་དང་ལྷག་པར་འཚེ་མེད་ཞི་བའི་ལྟ་གྲུབ་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་དགོངས་པ་བཞེས་ཕྱོགས་དེ་དག་རླབས་ཆེན་རེད། དེར་བརྟེན་ཁྱེད་རང་ཚོ་བདག་ཉིད་ཆེན་པོ་གཱ་དྷིའི་རྗེས་འབྲང་པ་ཚོས་ཀྱང་ཁོང་གི་རྗེས་སུ་འབྲངས་ནས་དེང་དུས་ཤེས་ཡོན་དང་འཕྲུལ་རིག་སོགས་ལ་ལེགས་པར་བྱང་ཆུབ་པ་ཞིག་བྱེད་དགོས།
སྤྱིར་བདག་ཉིད་ཆེན་པོ་གཱན་དྷིར་མཚོན་ན་ཕལ་ཆེར་དེང་དུས་ཀྱི་རིག་གསར་འཕྲུལ་རིག་ལ་རྒྱུས་མངའ་མེད་སྙམ། ཞེས་དང་། ༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལྟ་གྲུབ་ཐོག་ཨ་རིའི་ཨད་མོ་རི་གཙུག་ལག་མཐོ་སློབ་ Emory University དང་། རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་རྟེན་གཞི་བྱས་པའི་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་ Tata Institute Of Social Science སོགས་ཀྱི་ནང་ཉམས་ཞིབ་བྱས་ནས་རིམ་པས་སྔོན་འགྲོ་ནས་མཐོ་སློབ་བར་གྱི་སློབ་ཚན་ནང་འཇོག་ཐབས་གནང་བཞིན་ཡོད་སྐོར་སོགས་བཀའ་སློབ་སྩལ།