ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་ཆོས་རྭ་གསར་པའི་དབུ་འབྱེད་མཛད་སྒོར་༧ཞབས་སོར་བཀའ་དྲིན་བསྐྱངས་སྐབས་དགའ་ལྡན་ཁྲི་ཐོག་ ༡༠༤ སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག བཙུན་དགོན་བྱང་་ཆུབ་ཆོས་གླིང་གི་མཁན་པོ་བློ་བཟང་ཚུལ་ཁྲིམས་མཆོག ཕྱག་མཛོད་རྣམ་པ། ས་གནས་འགོ་འཛིན་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་རྭ་གསར་པའི་དབུ་འབྱེད་དང་རབ་གནས་བྱིན་རླབས་བཀའ་དྲིན་བསྐྱངས།
དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༧ཞབས་སོར་འཁོད་པ་དང་འབྲེལ་སྐྱབས་གནས་མཁན་རིན་པོ་ཆེས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་དང་བཙུན་མ། རྒན་གསོ་ཁང་གི་རྒས་འཁོགས། དེ་བཞིན་མི་སྐྱ་མཇལ་བཅར་བ་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་ལ་བཀའ་སློབ་སྩལ་དོན། བཙུན་མའི་དགོན་པ་འདི་སྔ་ཤོས་ཀྱི་གྲས་ཆགས་ཡོད། གལ་ཆེ་ཤོས་བཙུན་དགོན་འདི་སློབ་གཉེར་བཟང་ཤོས་ཆགས་ཡོད། རྡ་སར་ཡོད་པའི་སྒྲོལ་མ་གླིང་བཙུན་མ་ཚོས་ཀྱང་རིག་ལམ་སྦྱངས་ནས་ཡག་པོ་ཡོད། དེ་རིང་ངོས་རང་འདིར་བསླེབས་ཐུབ་པར་ཧ་ཅང་དགའ་བོ་བྱུང་། ས་གནས་འདིར་ཡོད་པའི་རྒན་གསོ་ཁང་གི་རྒན་པོ་དང་རྒན་མོ་མང་པོ་སླེབ་འདུག ཁྱེད་རང་ཚོ་ཚང་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ཕྱི་ལོ་ ༡༩༥༩ ལོ་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། སོ་སོའི་ལུང་པ་ནང་རང་དབང་མེད། བོད་ནང་བོད་པས་བོད་ཀྱི་ཞེན་ཁོག་བྱས་ན་འགྲིག་གི་མེད་པ་རེད། བོད་པས་རྒྱ་མིའི་ཞེན་ཁོག་བྱེད་དགོས་པའི་གནས་སྟངས་ཤིག་གི་འོག་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད།
ང་ཚོ་བོད་མི་རིགས་ཟེར་བ་དེ་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། དེ་རིང་ཁ་སང་རྒྱ་ནག་གི་ཚན་རིག་པས་ས་འོག་ནས་དངོས་རྫས་དང་མིའི་རུས་པ་སོགས་རྙེད་པ་དེ་དག་ལ་བརྟག་དཔྱད་བྱས་པ་ལྟར་ན། བོད་ཀྱི་མི་རིགས་འཕེལ་རིམ་ནི་རྒྱ་ནག་མི་རིགས་འཕེལ་རིམ་ལས་སྔ་བ་འདུག་ཟེར། དེར་བརྟེན་ང་ཚོ་བོད་པ་ཚོ་ལོ་རྒྱུས་གཏིང་ཟབ་ལྡན་པའི་མི་རིགས་ཤིག་ཆགས་ཡོད། ང་ཚོར་མི་རིགས་ཀྱི་སྐད་ཡིག་ལོགས་སུ་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་ ་༣༠༠ ལྷག་བོད་ཡིག་ནང་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་རྒྱ་གར་གྱི་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་རེད། བོད་མི་རིགས་ལ་དཀའ་ངལ་མང་བོ་ཞིག་ཕྲད་པ་རེད། འོན་ཀྱང་ལོ་སྟོང་ཕྲག་རིང་གི་སྲོལ་རྒྱུན་དང་མི་རིགས་ཀྱི་གོམས་གཤིས་ཀྱི་ཚོར་བ་དེ་བོད་མི་རིགས་ཀྱི་བསམ་བློར་གཏིང་གཟབ་པོ་བྱས་ནས་བསྡད་ཡོད། བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་ཚོས་ཀྱང་སོ་སོའི་སྐད་ཡིག་དང་རིག་གཞུང་སོགས་ལ་འགལ་རྐྱེན་ག་ཚོད་ཡོད་རུང་སེམས་ཤུགས་ཀྱིས་བདག་གཅེས་དང་དོ་སྣང་བྱེད་ཀྱི་ཡོད།
ང་ཚོ་བཙན་བྱོལ་དུ་བསླེབས་ནས་འཕྲལ་སེལ་གྱི་ལྟོ་གོས་ཀྱི་འཇིགས་པ་ལས་མཐར་རྒྱུའི་ཙམ་མ་རེད། བོད་ནང་ཉམས་རྒུད་དུ་ཕྱིན་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་བདག་གཅེས་བྱེད་རྒྱུ་དེ་རེད། རྒྱ་ནག་གིས་ཤེས་བཞིན་དུ་བོད་ཀྱི་སྐད་ཡིག་མེད་པ་བཟོ་རྒྱུའི་ལས་འགུལ་རབས་དང་རིམ་པ་བྱས་ནས་སྤེལ་གྱི་འདུག ང་ཚོ་བཙན་བྱོལ་བ་ཚོས་འཕྲལ་གྱི་དཔལ་འབྱོར་དཀའ་ངལ་སེལ་རྒྱུ་དང་དེང་དུས་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ཙམ་མིན་པར། ང་ཚོར་གནའ་རབས་ཀྱི་རིག་གཞུང་གཏིང་ཟབ་ཡོད་པ་དེ་དག་བདག་པོ་རྒྱག་དགོས། ནང་པ་སངས་རྒྱས་པའི་ཆོས་དེ་དད་པ་གཅིག་པུའི་ཐོག་ནས་འགྲོ་རྒྱུ་མེད། དཔལ་ནཱ་ལེནྡྲའི་མཁས་པས་མཛད་པའི་གཞུང་དེ་དག་སློབ་སྦྱོང་བྱས་ཏེ་ཤེས་པ་ཡིན་ན། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་གི་རེད། གོང་དུ་ཁྱེད་ཚོས་འདིར་སྟོན་པ་བཅོམ་ལྡན་འདས་ཀྱི་མཚན་བྱང་ལ་བདག་ཅག་གི་སྟོན་པ་ཞེས་བྲིས་འདུག དེ་ང་ཚོའི་སྟོན་པ་ཟེར་བ་འདྲ་བོ་ཞིག་བྲིས་འདུག ངོས་རང་ཡིན་ན་སྨྲ་བ་ཟླ་མེད་ཀྱི་སྟོན་པ་ཤཱཀྱ་སེང་གེ་ཞེས་བརྗོད་ན་འགྲེལ་བཤད་རྒྱག་རྒྱུ་ཡོད། ང་ཚོའི་སྟོན་པ་ཞེས་བརྗོད་ན་ཧིན་དུ་ཚོས་ཀྱང་ང་ཚོའི་སྟོན་པ་ཞེས་བརྗོད་ཆོག་གི་རེད། ཁ་ཆེ་ཚོས་ཀྱང་ང་ཚོའི་སྟོན་པ་ཞེས་ཟེར་ཆོག་གི་རེད། དེ་བཞིན་དུ་མུ་སྟེགས་པ་ཚོས་ང་ཚོའི་སྟོན་པ་ཞེས་ཟེར་ཆོག ང་ཚོས་སྨྲ་བ་ཟླ་མེད་པ་ཞེས་ཟེར་དགོས། འཛམ་བུ་གླིང་གི་སྟོན་པ་ཚང་མས་མི་ལ་ཕན་ཐོགས་བྱས་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་དེ་འགལ་འདུ་མེད་པ་དང་། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཞེས་བང་སྒྲིག་དུས་གཞན་དང་མི་འདྲ་བ་ཞིག་རེད། དེ་རིང་ཁ་སང་གཞི་བདེན་པ་གཉིས་ཟེར་བ་དེ་ཚན་རིག་གི་ཐོག་ནས་ཀྱང་ཏག་ཏག་ར་འཕྲོད་ཡོང་གི་འདུག སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཡོད་པ་དེ་ཚན་རིག་པས་བཤད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་བསལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་འདུག གང་ལྟར་སེམས་འདུལ་ཐབས་སྐོར་རེད་འདུག
དེ་སྔ་བོད་ལ་མང་ཚོགས་ཚོ་རྨོངས་དད་ཐོག་འགྲོ་གི་ཡོད། ང་ཚོ་དེ་དག་འགྲེལ་བཤད་མ་བརྒྱབ་པར་སྐྱབས་སུ་མཆི་ཟེར་ནས་འགྲོ་བ་ཡིན་ན་ཕངས་པོ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་དགོན་སྡེ་ཁག་བཙུགས་ཏེ་དགེ་འདུན་པ་དང་བཙུན་མ་ཚོས་དཔེ་ཆ་ལྟ་དགོས་སྐོར་ངོས་ཀྱིས་འབོད་སྐུལ་ཞུས་པ་ཡིན། ན་ནིང་ལོར་དགེ་བཤེས་མ་ ༢༠ བསླབ་པ་སློབ་གཉེར་མཐར་སོན་བྱུང་སྟེ་ངོས་ཀྱིས་ལག་འཁྱེར་སྤྲད་པ་ཡིན། བཅོམ་ལྡན་འདས་ཀྱིས་ཕོ་མོ་དབྱེ་འབྱེད་བཏང་མི་འདུག དགེ་སློང་ཕ་དང་དགེ་སློང་མ་ཞེས་བཅོམ་ལྡན་འདས་ཀྱིས་ཐག་བཅད་ནས་གནང་འདུག དངོས་གནས་བྱས་ན་བོད་པ་ཚོར་མཁན་མོ་ཞིག་དགོས། ཡིན་ཡང་སྔར་རྒྱ་གར་ནས་མཁན་མོ་ཕེབས་མ་ཐུབ་པའི་ཉེར་ལེན་གྱིས་དགེ་སློང་མ་བཙུགས་ཐུབ་མེད། དགེ་སློང་མ་འཛུགས་པར་འདུལ་བའི་གཞུང་དང་མཐུན་པ་བྱས་ཏེ་འགྲོ་དགོས་པ་ལས་དེ་ངོས་ཀྱིས་ཐག་གཅོད་བྱེད་མི་ཐུབ། དཔེ་ཆ་ལྟ་རྒྱུ་དེ་ངོས་ཀྱིས་ཐག་གཅོད་ཐུབ། ངོས་ཀྱིས་བཙུན་མ་ཚོས་དཔེ་ཆ་ལྟ་དགོས་རེད་ཅེས་འབོད་སྐུལ་ཞུས་པ་ཡིན། ཁྱེད་རང་ཚོས་ཧུར་ཐག་གིས་དཔེ་ཆ་བལྟས་ནས་གྲུབ་འབྲས་མིག་གི་མཐོང་རྒྱུ་ཡོད་པ་ཆགས་འདུག ཚང་མར་ཐུགས་རྗེ་ཆེ།
སློབ་གཉེར་ལ་མཐའ་མེད། ས་གསུམ་པ་ཐོབ་མཁན་འཕགས་པའི་སྐྱེས་བུ་ཚོས་ཀྱང་ད་དུང་སློབ་སྦྱོང་མུ་མཐུད་ནས་གནང་གི་ཡོད་སྟབས། ང་ཚོ་ཚང་མས་སློབ་སྦྱོང་ངེས་པར་དུ་བྱ་དགོས། ངོས་ལ་ཆ་བཞག་ན་དགེ་སློང་རེད། ལོ་བརྒྱད་ཅུ་གྱ་གསུམ་ལ་སླེབ་ཡོད། དུས་ད་ལྟ་ཡིན་ནའང་དུས་ཚོད་ཡོད་ན་དཔེ་ཆ་ཀློག་གི་ཡོད། གང་ཐུབ་དཔེ་ཆ་ཀློག་གི་ཡོད། ང་ཚོའི་སློབ་སྦྱོང་ནི་སེམས་འདུལ་ཐབས་བྱེད་རྒྱུ་དེ་རེད། སེམས་བཏུལ་ན་སེམས་ལ་ཞི་བདེ་ཡོང་ཐུབ། མིའི་ལྷན་སྐྱེས་ཀྱི་རང་བཞིན་བརྩེ་བའི་བདག་ཉིད་རེད། ཇི་ཙམ་བརྩེ་བའི་ཚོར་བ་བྱུང་ན་དེ་ཙམ་གྱིས་སོ་སོ་སྐྱིད་པ་ཡོང་གི་ཡོད་པ་མ་ཟད། སྤྱི་ཚོགས་ནང་ལའང་མི་ཚང་མས་དགའ་བོ་བྱེད་ཀྱི་ཡོད། ལོ་ཤས་གོང་ལ་ངོས་རང་ཉི་ཧོང་ལ་ཕྱིན་པའི་སྐབས་སུ་ངོས་ཀྱི་ངོ་ཤེས་པ་ཉི་ཧོང་གི་མཁན་པོ་ཞིག་གིས། ང་ཚོ་ཉི་ཧོང་ཆོས་པ་ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། འོན་ཀྱང་དོན་དག་ཤེས་ཀྱི་མེད་ཅེས་གསུངས་བྱུང་། ཁོང་གིས་ངོས་ཀྱིས་དེ་གར་ཤེས་རབ་སྙིང་བོ་སྐོར་ཏོག་ཙམ་འགྲེལ་བཤད་བརྒྱབ་པ་དེས་ཕན་ཐོགས་པོ་བྱུང་ཞེས་བརྗོད་བྱུང་།
དེ་རིང་འདིར་རྒན་པོ་དང་རྒན་མོ་མང་བོ་འབྱོར་ཡོད། གང་ལྟར་སྐྱེས་པའི་མཐའ་མ་འཆི་རྒྱུ་ཡིན་པ་འཇིག་རྟེན་ཆོས་ཉིད་རེད། ཁྱེད་ཚོ་ཡིན་ནའང་ཡིད་ཞུམ་ནས་མི་སྡོད་པར་སངས་རྒྱས་ཆོས་ཚོགས་མ་ལྟ་བུ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟངས་ཇི་ལྟར་ཡིན་མིན་སྐོར་སློབ་སྦྱོང་བྱས་ཏེ་སེམས་འགྱུར་བ་ཕྱིན་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། རྒན་པོ་རྒན་མོ་ཚོ་འཆི་ཁ་ལ་མོར་མ་ཎི་ཆུ་རྒྱུགས་རྒྱུགས་འདོན་རྒྱུ་ཡོད་ནའང་བསམ་བློ་ཧ་ཅང་གཏོང་རྒྱུ་མེད་ན་དེ་འདྲ་ཞིག་རེད། གཟུངས་ངག་བཏོན་པའི་ཕན་ཡོན་ཙམ་མ་གཏོགས་ཞེ་དྲགས་ཕན་ཐོགས་རྒྱུ་ཁག་པོ་རེད། གཟུངས་སྔགས་བཏོན་པ་དང་འབྲེལ་ཞོར་ལ་དོན་དག་ལ་སློབ་སྦྱོང་གནང་སྟེ་ཚོད་ཐིག་པོ་ཞིག་དང་བསམ་བློ་གཏོང་རྒྱུ་ཞིག་བྱུང་ན་ཕན་ཐོགས་ཡོང་གི་རེད། རྒན་པོ་རྒན་མོ་ཚོ་དེ་སྐོར་བསམ་བློ་ཐོང་། སྤྱིར་རྒྱ་གར་ཆོས་བརྒྱུད་གྲངས་ཅན་ལྷ་མེད་པ་དང་། གཅེར་བུ་པ། སངས་རྒྱས་པ་བཅས་ཀྱིས་སྐྱེ་བ་ཐོག་མ་མེད་པ་ཤོད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་སྐྱེ་བ་ལ་ཐོག་མ་མེད་པ་དང་གང་ཟག་ལ་བདག་མེད་ཅེས་ཤོད་ཀྱི་ཡོད། ཚེ་རབས་ནས་ཚེ་རབས་ཟེར་བ་ཞིག་རྒྱ་གར་གྱི་ཆོས་བརྒྱུད་ནང་འདུག དེར་བརྟེན་ཚེ་རབས་ནས་ཚེ་རབས་ཟེར་བ་བསམ་བློ་གཏོང་དུས་གང་ལྟར་རེ་བ་རྒྱག་རྒྱུ་ཞིག་འདུག རྒན་པོ་རྒན་མོ་ཚོས་ནང་ཆོས་གཞུང་ལ་སློབ་སྦྱོང་བྱས་ཐུབ་ན་ཕན་ཐོགས་ཡོང་གི་རེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། དེ་ནས་བཙུན་མ་ཁག་གཅིག་གིས་བཀའ་པོད་ལྔའི་རྩོད་རྒྱུགས་ཕུལ་བ་དང་འབྲེལ་དྲུང་ཡིག་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བཀྲ་ཤིས་པའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ། །