༢༠༡༧ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རྭ་དང་ཚན་རིག་སྡེ་ཚན་གསར་པ་དབུ་འབྱེད་མཛད་པ་དང་སྦྲགས། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ལྗགས་ལུང་བཀའ་དྲིན་སྩལ་འདུག
དེ་ཡང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རྭ་གསར་པ་དབུ་འབྱེད་མཛད་སྒོའི་ཐོག་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་མཆོག་དང་། ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་མཁན་ལས་ཟུར་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་མུ་སྟེགས་པའི་བླ་ཆེན་ Sri Shivarathri Deshikendra Swamiji མཆོག་དང་། Nirmalanandanatha swamiji མཆོག དེ་བཞིན་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ཕེབས་འདུག
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྤྱིར་སེ་ར་ཐེག་ཆེན་གླིང་འདི་ཉིད་ཐོག་མར་ཕྱི་ལོ་ ༡༤༡༩ ལོར་ཆགས་པར་བརྟེན་འབྱུང་འགྱུར་ལོ་ངོ་ ༤༠༠ གནས་ཐུབ་པ་ཡིན་ན། རྒྱ་གར་གནའ་རབས་དཔལ་ནཱ་ལེནྡཱའི་གཙུག་ལག་སློབ་ཁང་དང་དུས་ཡུན་རིང་ཚད་མཉམ་པ་ཞིག་ཆགས་རྒྱུ་ཡིན་སྐོར་དང་།
སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་དོལ་རྒྱལ་རྗེས་འབྲང་པ་ཚོ་དང་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་དཔེ་ལྟར། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ནས་ད་ཆ་ལོ་ངོ་བཅུ་ཙམ་འཁོར་བཞིན་པ་དེར་བོད་མི་ཡོངས་དང་བཀའ་ཤག་གི་ཚབ་ཞུས་ནས་འཚམས་འདྲི་ཡོད་སྐོར་གསུངས། དེ་ཡང་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་བསྟན་གསོལ་བྱ་རྒྱུ་དེས་ཆོས་ལུགས་ནང་ཁུལ་དབྱེན་སྦྱོར་དང་། དམ་ཚིག་ལ་གནོད་གཞིར་གྱུར་བཞིན་ཡོད་སྟབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསེར་སྦྱངས་བཙོ་མ་ལྟ་བུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་འདི་ཉིད་ལ་བསྲེས་ལྷད་མེད་པའི་ཐོག་ནས་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་དམ་ཚིག་གོང་འཕེལ་གཏོང་གནང་མཛད་རྒྱུའི་དགོངས་བཞེད་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྐོར་དང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཟི་བྱིན་དང་མཚན་སྙན་ནི་འཛམ་གླིང་གི་རྒྱལ་པོ་དང་བཙུན་མོ། སྲིད་འཛིན་དང་སྲིད་བློན་སོགས་ལས་ཀྱང་ཆེས་སྙན་པར་གྲགས་ཤིང་། སྐྱེ་བོ་སེར་སྐྱ་མཆོག་དམན་ཀུན་གྱིས་གོང་དུ་བཀུར་བཞིན་ཡོད་སྟབས་ཉི་ཤར་སྦར་མོས་མི་འཁེབ་པའི་དཔེ་ལྟར། རྒྱ་ནག་གཞུང་ལ་བློ་ཁ་ཕྱོགས་པའི་དོལ་རྒྱལ་རྗེས་འབྲང་པ་ཚོས་ཇི་ཙམ་༸གོང་ས་མཆོག་ལ་མཚན་དམས་དང་སྒྲོ་སྐུར་ཞུས་པ་དེ་ཚོད་ཀྱིས་༸སྐུའི་མཛད་འཕྲིན་སྔར་བཞིན་དར་ཞིང་རྒྱས་རྒྱུ་ཡིན་པ་སྨོད་མེད་ཡིན་སྐོར་གསུངས།།