༢༠༡༧ ཟླ་ ༡༢ ཚེས ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཙམ་གྱི་སྟེང་བོད་ཨ་མདོ་རྔ་པ་རུ་རྒྱལ་གཅེས་པ་དཀོན་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་ཕྱི་ཕྱོགས་སུ་བརྙན་ཐུང་ཞིག་འབྱོར་བའི་ནང་ཁོང་གི་སྐུ་གཟུགས་ཡོངས་རྫོགས་མེ་ལྕེས་བཏུམས་ནས་རྒྱུག་བཞིན་འདུག་ཀྱང་སྐབས་དེར་ཁོང་གིས་སྐད་འབོད་ཅི་ཞིག་གནང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་འཁྱེར་ནས་མཚན་གྱི་ཆུ་ཚོད་ ༡༠།༠༠ ཙམ་འབར་ཁམས་སྨན་ཁང་དུ་འབྱོར་ཡོད་འདུག་ཀྱང་། ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༥།༠༠ ཙམ་ལ་འདས་གྲོངས་སུ་ཕྱིན་ཡོད་འདུག རྒྱ་ནག་གཞུང་གིས་དཀོན་པེ་ལགས་ཀྱི་ནང་མིར་འབར་ཁམས་སུ་རུས་ཐལ་ལེན་པར་ཡོང་དགོས་སྐོར་བཤད་པ་ལྟར་སོང་བར་དཀོན་པེའི་རུས་ཐལ་རེད་ཟེར་བ་ཞིག་སྤྲད་ཡོད་འདུག་པ་དང་། ད་ལྟ་ཤུལ་ལུས་ནང་མི་ཉེ་འབྲེལ་ཚོས་སྐུ་གཤེགས་རྒྱལ་གཅེས་པ་ཁོང་གི་རྗེས་འཇུག་སྒྲུབ་བཞིན་ཡོད་ཅིང་། ཁོང་གི་ཕ་རྒྱ་སྐྱབས་ལ་རྒྱ་གཞུང་གིས་དཀོན་པེའི་ཆེད་དུ་སྨན་རིན་སྒོར་ཁྲི་ཁ་ཤས་སོང་ཚུལ་བཤད་ནས་འབར་ཁམས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག རྒྱལ་གཅེས་པ་དཀོན་པེ་ལགས་ནི་རྒྱ་གཞུང་གིས་དབྱེ་བགོས་བྱས་པའི་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མ་ནས་ཡིན་ཡང་། དེང་སྐབས་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་གི་བུ་མོ་སྐལ་བཟང་ལྷ་མོའི་མག་པར་བསྡད་ནས་ལོ་གཅིག་ལྷག་ཕྱིན་ཡོད་འདུག ཁོང་རང་ལོ་ ༣༠ ཡས་མས་དང་། ཕ་མིང་ལ་རྒྱ་སྐྱབས། མ་མིང་ལ་འཕྲིན་ལྡོག ཁོང་ལ་སྤུན་གཉིས་དང་སྲིང་མོ་གསུམ་ཡོད་པ་ལས་སྤུན་གཅིག་རྔ་པ་ཀིརྟི་དགོན་དུ་གྲྭ་པ་ཡིན་པ། དཀོན་པེ་ལགས་ནི་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་དུ་གྲྭ་པ་བྱས་ཏེ་རྗེས་སུ་སྐྱ་སེར་བབ་པ་ཞིག་ཡིན་འདུག ཕྱི་ཚེས་ ༢༤ དང་ ༢༥ གཉིས་ལ་རྔ་པ་རྫོང་ཐོག་གི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་བརྒྱབ་ནས་ཁོང་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་འདུག
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༥༡ བྱུང་ཁོངས་ནས་མི་གྲངས་ ༡༢༩ འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མིན་རྣམས་ཀྱི་སྐུ་གཟུགས་གནས་སྟངས་དང་འདས་གསོན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། རྔ་པ་རྫོང་ནི་ད་བར་བོད་མི་རང་ལུས་མེར་བསྲེགས་མང་ཤོས་གཏོང་ཡུལ་གྱི་ས་གནས་ཤིག་ཆགས་ཡོད།
༡༽ འདས་པའི་མི་ལོ་ ༨ ལྷག་རིང་བོད་མི་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གནས་སྟངས་ཤིག་ཆགས་ཡོད་པ་ལྟར་རྒྱ་གཞུང་གི་དཔོན་རིགས་ཚོས་མ་གོ་མ་ཚོར་བ་ལྟ་བུའི་གནས་སྟངས་མ་ཡིན་པར་ཁོང་རྣམས་ཀྱིས་བཏོན་པའི་དགོས་འདུན་དང་། དམིགས་ཡུལ་ལ་བདག་སྤྲོད་ངེས་པར་དུ་བྱེད་དགོས།
༢༽ ད་བར་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཚེ་སྲོག་གི་ཉེས་འགན་རྒྱ་གཞུང་ལ་ཡོད་པ་དང་། ད་དུང་ཡང་རང་ལུས་མེར་བསྲེགས་གཏོང་དགོས་ཆགས་མིན་གྱི་འགག་རྩ་ཡང་རྒྱ་གཞུང་ལ་ཐུག་ཡོད་པས་དེ་ལུགས་འགན་ཁུར་དགོས་པའི་བརྡ་ལན་སྤྲད་རྒྱུ་ཡིན།
༣༽ བོད་མི་དེ་རྣམས་ཀྱིས་རང་ལུས་མེར་བསྲེགས་བཏང་དགོས་གྱུར་པའི་རྐྱེན་རྩ་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་མཁྲེགས་བཟུང་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པས་བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་ཕྱིར་སྲིད་བྱུས་ལ་བསྒྱུར་བཅོས་དགོས་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འབྲེལ་མོལ་མགྱོགས་ནས་བསྐྱར་མཐུད་དགོས་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༦ ལ།།