༢༠༡༧ ཟླ་ ༡༢ ཚེས་ ༥ རེས་གཟའ་མིག་དམར།
༄༅། །བཞུགས་སྒར་རྡ་རམ་ཤཱ་ལའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་སྟོང་ཕྲག་གཅིག་ཙམ་ལ་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་སློབ་ཕྲུག་ཁག་གཅིག་གིས་དབྱངས་ཅན་མའི་བསྟོད་པ་བཏོན་རྗེས་༸གོང་ས་མཆོག་དང་སློབ་གྲྭའི་སློབ་སྤྱི་སྐུ་ཞབས་སུ་ནིལ་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་བསྟུན། ཆེ་བསྟོད་ཀྱི་ཚུལ་དུ་༸གོང་ས་མཆོག་ལ་མངའ་སྡེའི་ཐུན་མིན་དབུ་ཞྭ་དང་གོས་གཟན་འབུལ་ལམ་ཞུས། དེ་ནས་སློབ་སྤྱིས་གསུང་བཤད་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་དཔལ་ནཱ་ལེནྡྲའི་གནའ་རབས་ཀྱི་ལེགས་བཤད་ལ་སློབ་གཉེར་བྱེད་མཁན་གྱི་སློབ་ཕྲུག་ཅིག་ཡིན། ངོས་རང་ཆུང་དུས་ཧ་ཅང་ལེ་ལོ་ཅན་ཞིག་ཡིན། གཞུང་དེ་དག་ལ་སློབ་གཉེར་བྱེད་འདོད་རྩ་བ་ནས་མེད། འོན་ཀྱང་། རིམ་བཞིན་དོ་སྣང་སླེབས་ནས་དངོས་སུ་སློབ་སྦྱོང་བྱེད་སྐབས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེ་དག་གིས་ནང་སེམས་རྒྱུད་ལ་ཞི་བདེ་བསྐྲུན་རྒྱུ་དང་། སེམས་ནང་གདེང་སྤོབས་རྙེད་རྒྱུ་སོགས་ལ་ཧ་ཅང་ཕན་ཐོགས་ཡོད་པ་ཤེས་བྱུང་། དེར་བརྟེན་ད་ཆ་ལེགས་བཤད་དེ་དག་སླར་གསོ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེ་ཡང་ཐོག་མར་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་གང་ཡིན་འགྲེལ་བརྗོད་བྱེད་བཞིན་ཡོད། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་ངོ་སྤྲོད་བྱེད་མཁན་བང་ཆེན་ལྟ་བུ་ཡིན་ཞེས་བརྗོད་ཀྱི་ཡོད། གཞན་ཡང་ངོས་ཀྱི་མི་ཚེའི་ནང་ཉམས་མྱོང་ཐོག་ནས་བརྗོད་ནའང་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་།
དེ་ཡང་ངོས་ལ་མཚོན་ན་རང་ལོ་ ༡༦ སོན་སྐབས་རང་དབང་བྲལ་སོང་། སྐབས་དེར་བོད་ནང་གི་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་ཞིག་གི་ངང་གནས་ཡོད། དེ་ནས་རང་ལོ་ ༢༤ སླེབས་མཚམས་རྒྱལ་ཁབ་ཤོར་བ་རེད། དཀའ་སྡུག་ཧ་ཅང་མྱངས་ཡོད། འོན་ཀྱང་། དུས་སྐབས་དེ་དག་རིང་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱིས་མཚོན་ལེགས་བཤད་དེ་དག་གིས་བསམ་བློ་དེ་ཙམ་མ་འཁྲུག་པར་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཧ་ཅང་བྱུང་། དཀའ་ངལ་ཅན་གྱི་དུས་སྐབས་དེ་དག་ལ་གདོང་ལེན་བྱེད་སྐབས་རྒྱ་གར་གྱི་གནའ་བོའི་ཨ་ཧིམ་སཱ་ Ahimsa ཞེས་འཚེ་མེད་ཞི་བའི་ལྟ་གྲུབ་དེས་ཕན་ཐོགས་ཧ་ཅང་བྱུང་། ལོ་རྒྱུས་ཐོག་ནས་བརྗོད་ན་ལེགས་བཤད་དེ་དག་ཡོངས་རྫོགས་རྒྱ་གར་འཕགས་པའི་ཡུལ་ནས་བྱུང་བ་ཞིག་རེད། དེར་བརྟེན་ལེགས་བཤད་དེ་དག་ཁྱེད་ཚོའི་ལེགས་བཤད་རེད།
དེང་རབས་རྒྱ་གར་སྤྱི་ཚོགས་ལ་མཚོན་ན་དེ་སྔ་དབྱིན་ཇིས་དབང་སྒྱུར་བྱས་པ་དང་། དེ་རྗེས་ཁྱེད་ཚོར་རང་བཙན་ཐོབ་ཡོད། ངོས་ཀྱི་བསམ་པར་དབྱིན་ཇིས་དབང་སྒྱུར་བྱེད་སྐབས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེ་དག་ལ་ཁྱེད་ཚོས་དོ་སྣང་དེ་ཙམ་མ་བྱས་པར་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་གྱི་མཐུན་རྐྱེན་ཁོ་ནའི་རྗེས་སུ་སོང་བ་ལྟ་བུ་འདུག
འོན་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཡུ་རོབ་དང་། ཨ་རི། ཉི་ཧོང་ལྟ་བུ་དཔལ་འབྱོར་ཡར་རྒྱས་ཀྱི་གནས་བབ་ཧ་ཅང་ཚད་མཐོན་པོར་སོན་པའི་ལུང་པ་དེ་དག་ནང་དཔྱད་པ་བྱེད་སྐབས་ཕྱི་དངོས་པོའི་མཐུན་རྐྱེན་གྱི་གནས་ཚད་ཧ་ཅང་ཚད་མཐོ་ཡང་སེམས་ནང་རྣམ་རྟོག་འདྲ་མིན་གྱི་དབང་གིས་སེམས་ངལ་ལ་སོགས་པའི་དཀའ་ངལ་ཧ་ཅང་འདུག དེར་བརྟེན་གང་ཟག་སྒེར་རང་ཉིད་ཀྱི་སེམས་ནང་ཞི་བདེ་མེད་པ་ཙམ་དུ་མ་ཟད་སྤྱི་ཚོགས་ནང་འགྲན་སེམས་དང་། རང་གཅེས་འཛིན་གྱི་བསམ་བློ་ཧ་ཅང་ཤུགས་ཆེ་བར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད།
ཨ་ཧིམ་སཱ་ཞེས་བརྗོད་སྐབས་གཞན་ལ་འཚེ་བ་མི་བྱེད་པ་ཞིག་ལ་གོ་དགོས། དེའང་ཁྲིམས་འགལ་གྱི་ཉེས་ཆད་སོགས་དང་། ལས་འབྲས་འཁོར་རྒྱུར་འཇིགས་ནས་འཛེམ་ཟོན་བྱེད་པ་ལྟ་བུ་མིན་པར་མི་གཞན་ཡང་རང་གི་སྤུན་མཆེད་ཕོ་མོ་ཡིན་བསམ་པའི་འདུ་ཤེས་བཟུང་ནས་གུས་ཞབས་བྱེད་དགོས། གལ་ཏེ་གཞན་ཞིག་གིས་ཁྱེད་རང་ལ་ཁུ་ཚུར་བསྣུན་ན་མི་དགའ་བ་ལྟར། རང་གིས་གཞན་ལའང་བྱེད་སྐབས་ཚོར་བ་དེ་མཚུངས་ཡོང་བཞིན་ཡོད་པ་དེར་བསམ་ཤེས་བྱས་ནས་གཞན་ལ་འཚེ་བ་བྱ་རྒྱུ་མེད།
དོན་དམ་གྱི་འཚེ་མེད་ཞི་བ་ཞིག་དགོས་ན་རང་རྒྱུད་ལ་སྙིང་རྗེ་དགོས། གཞན་གྱི་བདེ་སྡུག་ལ་སེམས་ཁུར་ཡོད་དགོས། དེ་འདྲ་བྱུང་ན་གཞན་ལ་འཚེ་བའི་ལས་སྤེལ་གྱི་མ་རེད། རབ་བྱུང་ན་གཞན་ལ་ཕན་བཏགས། དེ་ལྟར་མ་བྱུང་ནའང་གནོད་པ་བྱ་མི་རུང་། ཨ་ཧིམ་སཱའི་གོ་དོན་ངོ་མ་དེ་རེད། རྒྱ་གར་ནི་མི་རིགས་དང་། ཆོས་ལུགས། རིག་གཞུང་སོགས་འདྲ་མིན་མང་པོ་ལོ་ངོ་སྟོང་གི་རིང་ནས་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད་སྟབས། འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་ཀྱི་རེད།
ལྷག་པར་ཡུལ་འདིའི་ནང་ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་རྒྱ་གར་རང་ནས་བྱུང་བའི་ཆོས་ལུགས་ཧིན་དུ་དང་། ནང་པ། སིག་སོགས་ཙམ་མ་ཟད། ཕྱི་ནས་ཡོང་བའི་ཁ་ཆེ་དང་ཡེ་ཤུ་སོགས་ཀྱང་ཕན་ཚུན་འཆམ་མཐུན་ངང་གནས་ཐུབ་བཞིན་ཡོད། དེ་བཞིན་སྐད་ཡིག་དང་། རིག་གཞུང་། གོམས་སྲོལ་ལྟ་བུར་མཚོན་ནའང་རྒྱ་གར་ནང་མངའ་སྡེ་སོ་སོའི་ནང་འདྲ་མིན་ཧ་ཅང་མང་པོ་ཡོད། འོན་ཀྱང་སྤྱིའི་བདེ་དོན་དེར་གལ་ཆེར་བརྩིས་ནས་རྒྱ་གར་རྒྱལ་ཁབ་གཅིག་བྱས་ནས་གནས་ཡོད།
ཕྱོགས་མཚུངས་ཡུ་རོབ་སྤྱི་མཐུན་ཚོགས་པར་མཚོན་ནའང་སྤྱིའི་བདེ་དོན་ཆེད་རྒྱལ་ཁབ་སྒེར་བློས་གཏོང་བྱས་ཡོད། སྤྱིར་རྒྱ་གར་ནང་གནའ་སྔ་མོ་ནས་ཆོས་ལུགས་འདྲ་མིན་ཡོད་པར་བརྟེན་མིའི་བསམ་བློའི་ནང་ཕ་མེས་ཀྱི་ཆོས་ལུགས་མིན་པའི་ཆོས་ལུགས་གཞན་གྱི་རྗེས་འབྲང་པ་ཚོར་ཡང་རང་བཞིན་གྱིས་ངོས་འཛིན་དང་བརྩི་བཀུར་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད། རྒྱ་གར་ཙམ་མ་ཟད་མ་ལེ་ཤི་ཡདང་ཨིན་ཌོ་ནེ་ཤི་ཡ་སོགས་ཀྱི་ཁ་ཆེ་བ་ཚོས་རྒྱ་རིགས་ནང་པ་སོགས་ལའང་བསམ་བློ་གུ་ཡངས་འཛིན་བཞིན་ཡོད་པ་གོ་བྱུང་། འོན་ཀྱང་ཆོས་ལུགས་གཅིག་ཁོ་ན་མ་གཏོགས་དར་སྲོལ་མེད་པའི་རྒྱལ་ཁབ་དཔེར་ན་དཀྱིལ་ཤར་ཡུལ་གྲུ་ལྟ་བུའི་ནང་ཆོས་གཅིག་དང་བདེན་པ་གཅིག་མ་གཏོགས་ཆོས་ལུགས་འདྲ་མིན་དང་དཀོན་མཆོག་འདྲ་མིན་འདོད་རྒྱུར་ཏོག་ཙམ་ཁག་པོ་ཡོད།
ང་ཚོས་རྒྱ་གར་གྱི་གནའ་རབས་ལེགས་བཤད་དེ་དག་ཆོས་ལུགས་དང་མ་འབྲེལ་བའི་གནས་སྟངས་འོག་ནས་སློབ་སྦྱོང་བྱེད་དགོས། ལེགས་བཤད་དེ་དག་དེང་སྐབས་སྤྱི་ཚོགས་ནང་ཧ་ཅང་དགོས་མཁོ་ཆེན་པོ་རེད་འདུག ཁྱེད་ཚོས་ཕལ་ཆེར་ནུབ་ཕྱོགས་པའི་ལད་མོ་བྱས་ནས་རོལ་དབྱངས་སོགས་ཀྱིས་མཚོན་ཕྱི་དངོས་པོའི་མཐུན་རྐྱེན་དོན་གཉེར་བྱ་རྒྱུར་འདུན་པ་ཡོད་སྲིད། འོན་ཀྱང་ནུབ་ཕྱོགས་པ་ཚོར་འཕྲད་བཞིན་པའི་སེམས་ངལ་གྱིས་མཚོན་དཀའ་ངལ་དེ་དག་ལ་བསམ་བློ་ཞིབ་མོར་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སྩལ།
སྐབས་དེར་སློབ་ཕྲུག་གཅིག་གིས་ཆོས་ལུགས་མཐུན་སྒྲིལ་སྐོར་གྱི་དྲི་བར་བཀའ་ལན་གནང་སྐབས། རྒྱ་གར་ནང་ཆོས་ལུགས་འདྲ་མིན་རྣམས་ལོ་ངོ་སྟོང་གི་རིང་ནས་འཆམ་མཐུན་ངང་གནས་བཞིན་ཡོད་སྟབས། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་དེ་འདྲ་གང་མང་གོ་སྒྲིག་གནང་རྒྱུ་གལ་ཆེན་པོ་མཐོང་གི་འདུག ལྷན་ཚོགས་དེ་དག་གོ་སྒྲིག་ཞུས་པའི་ཐོག་ནས་ཆོས་ལུགས་མི་འདྲ་བ་དེ་དག་ཕན་ཚུན་འཆམ་མཐུན་ངང་གནས་ཐུབ་རྒྱུ་ཡིན་པའི་མིག་དཔེ་སྟོན་དགོས། ཞེས་སོགས་བཀའ་ལན་སྩལ་རྗེས་བཞུགས་སྒར་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།