༢༠༡༧ ཟླ་ ༡༢ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །བྷེལ་ཇམ་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༨ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་བྷེལ་ཇམ་གྱི་གྲོང་ཁྱེར་ཨེན་ཝབ་ Antwerp ནང་བྷེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། སྦར་སེལ་སྐུ་ཚབ་དོན་ཁང་གི་ལས་བྱེད། བྷེལ་ཇམ་བོད་རིགས་ཚོགས་ཁག་གི་སྐུ་ཚབ། བྷེལ་ཇམ་ཁུལ་གནས་སྡོད་བོད་རིགས་རྣམས་ལྷན་འཛོམས་གནང་འདུག
ཐོག་མར་སྐུ་ཚབ་དོན་གཅོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་བཞིའི་སྐོར་ངོ་སྤྲོད་དང་ལྷན་མང་ཚོགས་ནས་༸གོང་ས་མཆོག་གི་བཀའ་དགོངས་རྣམས་གང་ཐུབ་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་དགོས་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ་གསུམ་བཅུའི་དུས་དྲན་གྱི་གལ་གནད་སྐོར་ནན་བརྗོད་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་གསུམ་བཅུའི་དུས་དྲན་གྱི་ལས་རིམ་ཁག་ལམ་ལྷོང་ལྡན་པ་ཡོངས་སླད་བོད་མི་རྣམས་ནས་མཉམ་ཞུགས་གནང་དགོས་སྐོར་དང་།
ཕྱི་ལོ་ ༢༠༡༨ ལོ་ནི་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པར་བརྟེན། བོད་རིགས་ཚོགས་པས་གནས་ཡུལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྣ་མང་སྤེལ་ཏེ་ལས་འཆར་དེ་ཉིད་ལམ་ལྷོངས་ལྡན་པ་བཟོ་དགོས་གལ་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་བཞིན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་རླབས་ཆེན་གྱི་མཛད་འཁུར་སྐོར་དང་བོད་མི་ནང་ཁུལ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ནས་གཞས་སྣ་འཁྲབ་སྟོན་སོགས་ཞུས་ཏེ་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་དང་ཕྱོགས་མཚུངས་རུ་སོག་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ནང་མི་མང་ ༣༠༠ ལྷག་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་གཟབ་རྒྱས་ངང་ཞུས་འདུག མཛད་སྒོ་དངོས་གཞི་དབུ་འཛུགས་མ་གནང་གོང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྟོང་ལོ་གསར་པའི་ནང་གི་བཙན་བྱོལ་བ། Refuge in the new Millennium ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཚིགས་ཁྱད་པར་ཅན་དེར་རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་གིས་ལྗགས་རྩོམ་གནང་བའི་༼ཏཱ་ལའི་བླ་མ། ངའི་བུ། ཨ་མའི་སྒྲུང་།༽ ཞེས་པ་དེ་ཨུ་རུ་སུའི་སྐད་ཐོག་འགྲེམས་སྤེལ་གནང་འདུག གཞན་ཡང་ Dalai Lama in Riga ཞེས་པའི་གློག་བརྙན་ཞིག་བསྟན་འདུག གློག་བརྙན་དེ་ནི་ཉེ་ལམ་ཕྱི་ལོ་ ༢༠༡༧ ཟླ་ ༩ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཊི་ཝི་ཡའི་རྒྱལ་ས་རི་གའི་ནང་བཀའ་ཆོས་སྩལ་བའི་སྐབས་རུ་སོག་ནང་པ་ཁག་གཅིག་ལ་བཅར་འདྲི་གནང་བའི་སྐོར་ཡིན་འདུག