༢༠༡༧ ཟླ་ ༡༢ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༤༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རྭའི་ནང་༸ཞབས་སོར་བདེ་བར་འཁོད་ཡོད།
སྐབས་དེར་དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག བཀའ་ཟུར་རྗེ་བཙུན་པདྨ་མཆོག ལྷོ་སྤྱི། གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་ཕྱག་མཛོད། ས་གནས་འཐུས་མིའི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞིས་གྲོང་བཅུའི་བརྒྱ་དཔོན་རྣམ་པ། མོན་གྷོ་གཏན་སློབ་ཀྱི་སློབ་སྤྱི། སམ་བྷོ་ཊ་སློབ་གྲྭའི་དགེ་ཆེ། སེར་སྐྱ་མང་ཚོགས་བཅས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སློབ་ཕྲུག་དང་སེར་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་ ༨༥༠༠ བརྒལ་བར་བཀའ་སློབ་སྩལ་དོན།
དེ་རིང་དམིགས་བསལ་ཆོས་འབྲེལ་རིགས་གང་ཡང་མིན། ཁ་སང་འདིར་འབྱོར་བ་རེད། སང་ཉིན་བསྙེན་རྫོགས་བསྒྲུབ་རྒྱུ་རེད། དེ་རིང་བར་གསེང་འདུག དེར་བརྟེན་ངོས་རང་མི་མང་ཚོ་ཐུག་འདོད་བྱུང་། མོན་གྷོ་གཞིས་ཆགས་ནི་གཞིས་ཆགས་རྙིང་ཁོངས་ཤིག་རེད། གཞིས་ཆགས་དང་པོ་འགོ་འཛུགས་སྐབས་ངོས་རང་འདིར་ཡོང་སྟེ་དེ་དུས་ནས་འབྲེལ་བ་ཡོད།
འདས་པའི་ལོ་ལྔ་བཅུ་ང་གྲངས་རིང་ང་ཚོ་འབྲེལ་བ་ཡོད་པ་ཞིག་རེད། བར་སྐབས་གདན་ས་ཁག་གཞིས་ཆགས་ནང་སྤོས་ནས་དར་ཁྱབ་ཕུན་སུམ་ཚོགས་པ་བྱུང་ཡོད། གཙོ་བོ་སློབ་གྲྭའི་སློབ་ཕྲུག་ཚོ་ཐུག་འདོད་བྱུང་། དུས་ཚོད་ཡོད་སྐབས་སློབ་གྲྭའི་སློབ་ཕྲུག་ཚོ་ཟུར་དུ་ཐུག་གི་ཡོད། ད་རེས་དུས་ཚོད་མེད་སྟབས། སློབ་ཕྲུག་ཚོ་ཟུར་དུ་ཐུག་རྒྱུ་བྱུང་མ་སོང་། དེ་རིང་སློབ་གྲྭའི་ཕྲུ་གུ་ཚོ་གཅིག་ཐུག་ན་དྲན་བྱུང་།
དེ་བཞིན་བོད་ནས་གཉེན་འཕྲད་དུ་འབྱོར་བ་ཁག་གཅིག་ཡོད་པ་རེད། མི་མང་ཚོ་ཐུག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ངོས་རང་ལོ་ ༨༣ སོན་པའི་མི་རྒན་གྱི་ངོ་གདོང་གང་འདྲ་ཡོད་མེད་ཁྱེད་ཚོར་སྟོན་པའི་སླད་དུ་ཡོང་བ་ཡིན། མི་རྒན་ཕར་ཚུར་གོམ་པ་སྤོ་བའི་སྐབས་དང་། བཞུགས་ཁྲིའི་སྟེང་ཡར་འཛེག་མར་འབབ་པའི་སྐབས་པུས་མོར་དཀའ་ངལ་འདུག
དེ་རིང་ཁྱེད་རང་ཚོ་ཐུག་རྒྱུའི་དགོས་པ་གཙོ་བ་འདི་ཡིན། དྲུག་ཅུ་ཐམ་པའི་ལོ་ནས་གཞིས་ཆགས་འདི་བཙུགས་པ་རེད། མི་རབས་བརྗེ་བཞིན་ཡོད། ངོས་རང་འདིར་ཐོག་མ་ཡོང་བའི་སྐབས་ཀྱི་མི་དེ་དག་ཧ་ལམ་རྫོགས་ཟིན་པ་རེད།
དེ་བཞིན་གདན་ས་ཁག་གི་དགེ་འདུན་པ་མཁས་པའི་དབང་པོ་བསྟན་པར་བྱ་བ་རྒྱ་ཆེར་མཛད་མཁན་མང་པོ་ཞིག་རྫོགས་ཟིན་པ་རེད། ང་ཚོ་མི་རབས་གསར་པ་ཆགས་ཀྱི་ཡོད། ཁྱེད་རང་ཚོ་ཕྲུ་གུ་དེ་དག་ཆ་བཞག་ན། འདིར་ཐོག་མར་ང་ཚོ་གཞིས་ཆགས་ཚུགས་པའི་སྐབས་ཁྱེད་རང་ཚོ་སྐྱེ་རྒྱུ་རེད། ང་ཚོ་བཙན་བྱོལ་བ་ཆགས་རྒྱུ་དེ་སོ་སོའི་ལུང་པའི་ནང་མུ་གེ་བྱུང་བ་ལྟ་བུ་དང་། ཁྲིམས་འགལ་རིགས་བྱས་ནས་བཙན་བྱོལ་བ་ཆགས་པ་དེ་འདྲ་མ་རེད། ང་ཚོས་སོ་སོའི་མི་རིགས་ཀྱི་ཐོབ་ཐང་དང་། སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་དག་ཤེས་བཞིན་དུ་གཏོར་བཤིག་བཏང་བའི་གནས་ཚུལ་ཆགས་ཡོང་སྐབས་ང་ཚོ་བཙན་བྱོལ་དུ་སླེབས་པ་རེད། བཙན་བྱོལ་དུ་སླེབས་དགོས་པའི་རྒྱུ་མཚན་ནི། སོ་སོའི་འཕྲལ་སེལ་ལྟོ་གོས་རང་མགོ་གང་ཐོན་དོན་དུ་མིན་པར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པའི་ཐོག་ནས་བཙན་བྱོལ་དུ་སླེབས་པ་ཡིན།
དེར་བརྟེན་དང་ཐོག་བོད་མིའི་གཞིས་ཆགས་གཅིག་པུ་ཡོད་པའི་ས་ཁུལ་ཞིག་བཟོ་རྒྱུ་བྱས་ནས་སྐབས་དེ་དུས་རྒྱ་གར་གཞུང་གི་སྲིད་བློན་ནེ་རུ་ Pt.Nehru རེད། ཧ་ཅང་ལྷག་བསམ་རྣམ་དག་ཐོག་ནས་ཐུགས་འཁུར་ཧ་ཅང་ཡག་པོ་བཞེས་སོང་། དེ་བཞིན་ང་ཚོའི་སློབ་གྲྭ་ཁག་དེ་དག་འཛུགས་རྒྱུའི་ཐོག་ལའང་ཐུགས་འཁུར་ཧ་ཅང་བཞེས་ཡོད། ང་ཚོའི་སློབ་གྲྭ་ཟུར་དུ་འཛུགས་དགོས་ཀྱི་ཡོད། གང་ཡིན་ཞེ་ན། བོད་ཡིག་དང་བོད་སྐད་ཟུར་དུ་ཡོད་པ་དང་། དེ་དང་འབྲེལ་བའི་རིག་གཞུང་དེ་འདྲ་ཡོད་པ་དེ་དག་ང་ཚོས་སློབ་སྤེལ་བྱེད་དགོས་ཀྱི་ཡོད་སྟབས། བོད་པའི་སློབ་གྲྭ་ཟུར་དུ་དགོས་ཀྱི་ཡོད། ཅེས་རྒྱ་གར་གཞུང་ལ་ཞུས་པར་ནེ་རུས་ཐུགས་འཁུར་ཧ་ཅང་བཞེས་གནང་སོང་།
གཞན་ཡང་ཕྱི་ལོ་ ༡༩༥༩ ལོར་གདན་ས་ཁག་ནས་ཚུར་དགེ་འདུན་པ་སྟོང་ཕྲག་ཁ་ཤས་སླེབས་ཡོད། ཁྱེད་རང་ཚོའི་ནང་ནས་བགྲེས་པ་ཁ་ཤས་ཀྱིས་མཁྱེན་གྱི་རེད། མི་ས་མ་རིར་ Missamari གནམ་གཤིས་ཚ་བ་གང་འཚམ་ཡོད་པར་བརྟེན། ས་བསིལ་ས་ཅམ་བྷ་ Chamba དང་། ཀུ་ལུ་ Kullu ཁུལ་དུ་ལམ་བཟོ་རྒྱུགས་ནས་སྡོད་རྒྱུ་བྱུང་བ་རེད།
བོད་ནས་དཔེ་ཆ་བལྟས་དང་ལྟ་བཞིན་པ་ཡིན་སྟབས། དེ་དག་ལ་སློབ་སྦྱོང་མུ་མཐུད་བྱ་རྒྱུ་ཞིག་མེད་ན་རྩ་བ་ནས་འགྲིག་ཐབས་མི་འདུག་སྙམ་ནས་ནེ་རུར་སྐྱབས་འཇུག་ཞུས་ཏེ་ཐོག་མར་སྦག་ས་ Buxar ཆོས་སྒར་བཙུགས་པ་རེད། འགོ་སྟོད་ལ་དགེ་འདུན་ཞལ་གྲངས་ ༣༠༠ ཙམ་གྱི་འཚོ་བའི་མཐུན་རྐྱེན་མ་གཏོགས་གནང་མེད། ཕྱིས་སུ་དེ་ཉུང་དྲགས་འདུག དགེ་འདུན་ཞལ་གྲངས་ ༡༥༠༠ མཐུན་རྐྱེན་གནང་རོགས་ཞུས་པ་རེད།
འོན་ཀྱང་ས་ཆ་དེ་ཕྱོགས་གཅིག་ནས་ལུང་ཁུག་དང་ཚ་བ་ཧ་ཅང་ཆེན་པོ་ཡོད་སྟབས། མི་མང་པོ་ནད་པ་ཆགས་སོང་། རིམ་བཞིན་ང་ཚོའི་གཞིས་ཆགས་ཁག་ཡག་པོ་ཆགས་པར་བརྟེན་གདན་ས་ཆེ་ཁག་དེ་དག་ཀྱང་གཞིས་ཆགས་ནང་ཆུར་སྤོ་རྒྱུ་བྱས་ན་ཞེས་སྐད་ཆ་བྱུང་རྗེས་དེ་ལྟར་སྤོས་པ་རེད།
རྒྱ་གར་ནང་གི་ས་ཁུལ་མང་པོ་ཞིག་ལ་བོད་མིའི་གཞིས་ཆགས་ཡོད། ལྷག་པར་མའེ་སོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བོད་པའི་ཐོག་དམིགས་བསལ་ཐུགས་སྣང་དང་ཤ་ཚ་ཡོད་པའི་ཤུགས་རྐྱེན་ཐོག་ནས་མེ་སོར་མངའ་སྡེའི་ལྷོ་རྒྱུད་ལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། བྱང་རྒྱུད་ལ་མོན་གྷོ་བོད་མིའི་གཞིས་ཆགས་དེ་དག་དེ་ལྟར་བཙུགས་པ་རེད། དུས་ཡུན་དེ་དག་རིང་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་དང་སྲུང་སྐྱོབ་བྱ་རྒྱུ་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་བྱས་ནས་འདིར་རང་དབང་ལུང་པའི་ནང་གང་ཡོང་ཅི་ཡོང་བྱས་ནས་བསྡད་པ་རེད།
ད་དུང་ཡིན་ནའང་གཙོ་ཆེ་ཤོས་གཞིས་ཆགས་ཚོ་ཡིན་ནའང་དེ་སྔ་ང་ཚོའི་འཚོ་ཐབས་འགྲོ་སྟངས་ཡོད་པ་དེ་ཁོ་ནར་ཆོག་ཤེས་བྱས་ནས་མི་སྡོད་པར་ད་དུང་ཡར་རྒྱས་གཏོང་རྒྱུ་ལྟ་བུ། ཞིང་ལས་འཕྲུལ་ཆས་ཅན་ལ་བསྒྱུར་རྒྱུར་སྔ་མོ་ནས་བསམ་བློ་ཡོད་རེད། ངོས་ཀྱིས་འབོད་སྐུལ་དེ་འདྲ་བྱེད་མྱོང་། ཞིང་ལས་ཡིན་ནའང་ལག་ཤེས་བཟོ་ལས་ཆུང་ངུ་དེ་འདྲ་བཙུགས་པའི་ཐོག་ནས་ཡར་རྒྱས་འགྲོ་རྒྱུ་ལྟ་བུ། གཙོ་ཆེ་ཤོས་བཤད་གྲྭ་ཁག་དེ་དག་ད་བར་ཡག་ཐག་ཆོད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་རྗེས་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས། སྒྲོལ་མ་བཅས་ཀྱི་རྗེས་གནང་བསྩལ་ཡོད།
མཛད་འཆར་ལྟར་ན་སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་དང་རྭ་སྟོད་གྲྭ་ཚང་གི་དགེ་འདུན་པར་བསྙེན་རྫོགས་བསྒྲུབ་གནང་རྒྱུ་ཡིན་འདུག་པ་བཅས།