ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སེ་ར་བྱེས་དང་ཨིག་ནོའུ་ IGNOU དམིགས་བསལ་ཤེས་ཡོན་བསྟི་གནས་ཁང་གི་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་ཡོད་པ་དང་། ཕྱོགས་བཞུགས་སྤྱི་འཐུས། སེར་བྱེས་མཁན་ལས་ཟུར་རྣམ་པ། རྒྱ་གར་གྱི་སྐུ་མགྲོན་ཨིག་ནོའུ་རིགས་དྲུང་ J.K.SRIVATAVA མཆོག་དང་། DR.V.VENUGOPAL REDDY (RSD.IGNOU.DELHI) མཆོག SH.G.H.IMRAPUR (IGNOU RD.BANGLORE) མཆོག ས་གནས་འགོ་འཛིན། ལྷོ་སྤྱི། དེ་བཞིན་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་ཕེབས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སེར་བྱེས་ཀྱི་མཁན་རིན་པོ་ཆེ་མཆོག་གིས་གཙོས་མཁན་ལས་ཟུར་དང་གཙོ་འཛིན་རྣམ་པ། འདིར་ཕེབས་པའི་སྤྱི་འཐུས་རྣམ་པ། ས་གནས་འགོ་འཛིན། ལྷོ་སྤྱི། ཚོགས་པ་ཁག་གི་མཛད་གཙོ་རྣམ་པ། མང་ཚོགས་ཚང་མ་ལ་ཐོག་མར་ངས་བཀའ་ཤག་གི་ཚབ་བྱས་ནས་སྙིང་ཐག་པ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ང་ཧ་ཅང་བསོད་ནམས་ཆེན་པོ་རེད་དྲན་སོང་། དེ་རིང་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་རྟ་མགྲིན་གྱི་དབང་ཐོབ་ཡོད་སྟབས། ཉི་མ་དེ་རིང་ནས་བཟུང་བར་ཆད་ཚང་མ་ཟློག་སྟེ་སང་ཉིན་ནས་བཟུང་སྲིད་སྐྱོང་གི་ཕྱག་ལས་ག་རེ་ཡིན་ནའང་ལམ་ལྷོངས་ཡོང་བའི་འགོ་བཙུགས་སོང་བསམ་པའི་དམིགས་བསལ་ཚོར་བ་བྱུང་།
དེ་རིང་ང་ལ་རྟ་མགྲིན་གྱི་བཀའ་དབང་ཞུ་རྒྱུ་བྱུང་བ་དང་སེར་བྱེས་ཨིག་ནོའུ་དམིགས་བསལ་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་མཛད་སྒོའི་ཐོག་བསླེབས་ཐུབ་པ་བྱུང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལ་རྟ་མགྲིན་གྱི་དབང་ཐོབ་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་རྣམ་པ་མཇལ་རྒྱུ་བྱུང་བར་བྱིན་རླབས་ཐོབ་བྱུང་། འདིར་ཨིག་ནོའུ་དམིགས་བསལ་ཤེས་ཡོན་བསྟི་གནས་ཁང་བཙུགས་པར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་ཚོད་ཐུང་ཐུག་ཞིག་གི་ནང་ལ་ཁང་པའི་འཛུགས་སྐྲུན་ཆེན་པོ་ཞིག་བརྒྱབ་འདུག མི་སྐྱ་ཚོས་ཀྱང་སྐུ་ལས་གནང་ཡོད་རེད། འོན་ཀྱང་མི་སྐྱ་ཚོ་ལས་དགོན་སྡེ་ཁག་ཚགས་ཚུད་པ་ཡོད་པའི་ཚོར་སྣང་བྱུང་། དེར་བརྟེན་ལས་གཞི་འདི་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྩ་བའི་དེ་རིང་སྔ་དྲོ་༧ གོང་ས་མཆོག་གིས་བཀའ་སློབ་སྩལ་བ་ལྟར་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་ལ་འབྱོར་དུས་ས་འདི་ཚང་མ་ཤིང་ནགས་རེད། རིམ་པས་མི་རབས་རྒན་པ་ཚོ་དཀལ་ལས་བརྒྱབ་སྟེ་དགོན་པ་འདི་དག་བཞེངས་པ་རེད། དམིགས་བསལ་གྱི་སྦག་ས་ནས་ཕེབས་པའི་དགེ་འདུན་པ་ཚོས་དཀའ་ལས་ཧ་ཅང་བརྒྱབ་ཡོད། བོད་ནང་གི་དགོན་སྡེ་ཆེ་ཁག་ཕལ་ཆེ་བ་བཙན་བྱོལ་ནང་བཞེངས་ཐུབ་ཡོད་པ་མ་ཟད། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་བསྟི་གནས་ཁང་འདི་ལྟ་བུ་བཙུགས་ཐུབ་ཡོད། དེང་དུས་ཀྱི་ཤེས་ཡོན་ B.A.,B.COM ལ་སོགས་སློབ་སྦྱོང་གནང་འདོད་ཡོད་པ་བཞིན་དམིགས་ཡུལ་དང་འཆར་གཞི་ལག་བསྟར་བྱས་ནས་འགྲོ་དུས་དངོས་གནས་རླབས་ཆེན་རེད་ཅེས་ཞུ་རྒྱུ་ཡིན།
མི་སྐྱ་ཕོ་གསར་མོ་གསར་ཚོས་མཐོ་སློབ་ཏུ་ཕྱིན་ནས་དེང་དུས་ཀྱི་སློབ་སྦྱོང་ཚན་རིག་དང་། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ། དགེ་འདུན་པ་ཚོས་གནའ་རབས་ཀྱི་ཤེས་ཡོན་ནང་པ་སངས་རྒྱས་པའི་ཆོས་སྦྱངས་ནས་དེང་དུས་སློབ་སྦྱོང་ཚན་རིག་དང་། དཔལ་འབྱོར་རིག་པ། ཆབ་སྲིད་རིག་པ་སོགས་སྦྱངས་ཏེ་ལག་འཁྱེར་ཁྱེར་ཡོང་ན་མི་སྐྱ་ཚོར་འགྲན་བསྡུར་ཡོང་ས་རེད། ད་ལྟའི་ཆར་གྲོས་ཚོགས་ནང་དགེ་འདུན་པའི་སྐུ་ཚབ་ཚོས་ནང་ཆོས་གཙོ་བོར་གཞིར་བཞག་ཐོག་བགྲོ་གླེང་བྱེད་དུས། ཁྲིམས་སློབ་སྦྱོང་བྱས་མྱོང་མཁན་ཚོས་ཀྱང་རིག་པ་སྒྲིམ་དགོས་ཆགས་འདུག མཚན་ཉིད་ཀྱི་སློབ་སྦྱོང་ཡོད་པའི་ཐོག་དེང་དུས་ཤེས་ཡོན་ཡོད་པ་ཡིན་ན། མ་འོངས་པར་ཧ་ཅང་འཁྲུག་པོ་ཡོང་ས་རེད་བསམ་གྱི་འདུག
གཞི་རྩའི་༧གོང་ས་མཆོག་གིས་དུས་རབས་༢༡ པའི་ནང་པ་བྱེད་དགོས་ཞེས་པ་ལྟར་རེད། མི་སྐྱ་ཚོས་ཀྱང་ནང་ཆོས་སྦྱོང་དགོས་ཀྱི་འདུག དགེ་འདུན་པ་ཚོ་དུས་རབས་༢༡ པའི་ནང་པ་ཏན་ཏན་ཆགས་ས་རེད། བསྟི་གནས་ཁང་འདི་བཙུགས་དོན་དམིགས་ཡུལ་ནི་ན་གཞོན་ཚོར་ནང་ཆོས་ཁྲིད་རྒྱུ་དེ་རེད། དེ་རིང་སྡིངས་ཆ་འདི་བརྒྱུད་ནས་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཁག་གི་ན་གཞོན་ཚོ་འདིར་ཕེབས་ཤོག་ཅེས་ཞུ་རྒྱུ་དང་། འདབ་ཤོག་གཉིས་ལྡན་གྱི་ཤེས་ཡོན་བསྟི་གནས་ཁང་འདི་འདྲ་བཙུགས་ཐུབ་པ་དེ་རླབས་ཆེན་རེད། དེ་འདྲ་སོང་ཙང་དཀའ་ལས་རྒྱག་མཁན་བསོད་ནམས་ལགས་དང་། སློབ་སྤྱི་ཉི་མ་ལགས། མཁན་རིན་པོ་ཆེ་གཙོས་བླ་སྤྲུལ་རྣམ་པ། སྐུ་ལས་སྐྱོང་མཁན་ཡོངས་ལ་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།།