ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ལུགས་བསླབ་པ་མཐར་སོན་པ་དམིགས་བཀར་ལས་བྱེད་ ༦ ས་སྟོང་སྐོང་ཆེད་འདེམས་བསྐོ་ལྷན་ཁང་བརྒྱུད་ལས་བྱེད་གསར་འདེམས་གསལ་བསྒྲགས་བསྐྱངས་པ་ལྟར་མི་འགྲོ་ ༢ རྒྱུགས་འཕྲོད་བྱུང་སྟེ། བཀའ་དྲུང་ཡིག་ཚང་ནས་འདི་གར་བཀོད་སྒྲིག་བྱུང་བསྟུན། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༦ གཞིར་བཟུང་གསར་བསྐོ་ལས་བྱེད་ཁྲིམས་ལུགས་རབ་བྱམས་པ་ཕུན་ཚོགས་དཔལ་ལྡན་ལགས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ ཉིན་དང་།
གསར་བསྐོ་ལས་བྱེད་ཁྲིམས་ལུགས་རབ་བྱམས་པ་བློ་བཟང་ལགས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༢ ཉིན་སོ་སོར་ས་གནས་ཁྲིམས་དྲུང་གི་ལས་འགན་འགོ་འཛུགས་ཞུས་དགོས་པའི་བསྐོ་གཞག་བཀོད་ཁྱབ་བསྩལ་ཏེ། གོང་ཚེས་ཉིན་སོོ་སོར་གསར་བསྐོ་ས་གནས་ཁྲིམས་དྲུང་གཉིས་ནས་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་དང་། ལ་དྭགས་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་འདུག་པ་དང་། སྔོན་ཡོད་བྱང་ཕྱོགས་ས་གནས་ཁྲིམས་དྲུང་ཕུན་ཚོགས་སྒྲོལ་མ་ལགས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་གནས་སྤོས་དང་། ལྷོ་ཕྱོགས་དང་ལ་དྭགས་ས་གནས་ཁྲིམས་དྲུང་གཉིས་འཛིན་སྐྱོང་ཁོངས་གནས་སྤོས་ཀྱི་ལས་འགན་བཀོད་སྒྲིག་ཟིན་པ་ལྟར། བྱང་ཕྱོགས་དང་། ལྷོ་ཕྱོགས། ལ་དྭགས་བཅས་ས་གནས་ཁྲིམས་ཞིབ་ཁང་གསུམ་གྱི་ཁྲིམས་དྲུང་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་ཁག་ཀྱང་ལེགས་པར་ཟིན་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །