༢༠༡༧ ཟླ་ ༡༢ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྦེལ་ཀོབ་སེར་བྱེས་མགྲོན་ཁང་ཡིད་དགའ་ཆོས་གླིང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༤ ནས་ ༢༧ བར་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་ཁྱིམ་སློབ་གྲྭ་དང་། སེར་བྱེས་དགོན་པའི་སློབ་གྲྭ། སམ་བྷོ་ཊའི་འཛིན་རིམ་ལྔ་པ་ཡན་གྱི་དགེ་ལས་རྣམས་ལ་ལང་ཚོ་དར་བབ་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་ཡོད། ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སློབ་གྲྭ་ཁག་ ༩ ཡི་དགེ་རྒན་དང་། མདུན་ལམ་སློབ་སྟོན་པ། སྨན་ཞབས་པ་བཅས་ཁྱོན་མི་གྲངས་ ༤༠ ལྷག་མཉམ་ཞུགས་གནང་ཡོད།
ཐོག་མར་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་དང་། ལྡི་ལིར་ཡོད་པའི་རྒྱ་གར་ན་གཞོན་ལམ་སྟོན་ཚོགས་པའི་ (Time Expression India) ལམ་སྟོན་པ་ལྕམ་ཨུ་མཱ་ཤར་མཱ་ (Uma sharma) ལགས། རི་ཏུ་ཤར་མཱ་ (Ritu sharma) ལགས་བཅས་ཕེབས་གནང་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ཚན་པའི་འགན་འཛིན་དྲུང་གཞོན་མིང་འགྱུར་གཡུ་སྒྲོན་ལགས་ནས་ཟབ་སྦྱོང་གི་ངོ་སྤྲོད་གནང་སྐབས། ཕྲུ་གུའི་འཚར་ལོངས་གི་བརྒྱུད་རིམ་ནང་སློབ་གྲྭ་དང་ཕ་མ་གལ་ཆེ་ཡིན་པས་ཟླ་བ་གཉིས་གུང་སེང་གི་སྐབས་དང་བསྟུན་ཏེ་རྡ་སྟེང་བོད་ཁྱིམ་བཅས་སློབ་གྲྭ་ཁག་ ༦ ལ་མདུན་ལམ་སློབ་སྟོན་པའི་བརྒྱུད་སློབ་ཕྲུག་གུང་སེང་དུ་ལེན་མཁན་ཕ་མ་དང་སྤུན་མཆེད་རྣམས་ལ་གཞོན་ནུའི་ལང་ཚོ་དར་བབ་ཀྱི་ཟབ་སྦྱོང་ཞིག་དེ་རིང་ཕུལ་ཐུབ་པ་བྱུང་ཡོད་ལ། མ་འོངས་པར་རྒྱ་གར་བྱང་ཤར་ཁུལ་གྱི་དགེ་རྒན་རྣམས་ལ་ཟབ་སྦྱོང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་དང་། བུ་ཕྲུག་གི་མི་ཚེའི་ནང་ལོ་ ༡༠ ནས་ ༡༩ བར་འཚར་ལོངས་ཀྱི་རྒྱུད་རིམ་ནང་ལུས་སེམས་གཉིས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་སྟབས། ང་ཚོ་ཚང་མས་དོ་སྣང་དང་ལམ་སྟོན་ཡག་པོ་ཞིག་གནང་ཐུབ་པ་ཡིན་ན། བུ་ཕྲུག་རྣམས་ལུས་སེམས་བདེ་སྐྱིད་དང་མདུན་ལམ་ཡག་པོ་ཡོང་བར་ཕན་ཐོགས་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གཞོན་ནུ་ལང་ཚོ་དར་བབ་ཀྱི་ལས་གཞི་འདི་གལ་ཆེ་ཞིག་ཏུ་བརྩི་བཞིན་ཡོད་སྐོར་གསུང་ཡོད།
གོང་ཚེས་ཉིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་བསམ་བསྟན་ཆོས་སྒྲོན་ལགས་ཀྱིས་བོད་རིགས་ཕ་མ་ཁ་ཤས་ཀྱིས་རང་གི་བུ་ཕྲུག་སློབ་གྲྭར་བཞག་ཚར་བ་ཙམ་གྱིས་འགྲིག་སོང་བསམ་གྱི་ཡོད་རེད་ལ། དེ་འདྲ་རྩ་བ་ནས་རེད་མདེ་པ་ཕྲུ་གུ་ཚོ་འཛིན་རིམ་ལྔ་པ་བར་དུ་སློབ་གྲྭར་ཡག་པོ་འགྲོ་བ་དང་། སློབ་སྦྱོང་ཡང་ཡག་པོ་བྱེད་ཀྱི་ཡོད། འོན་ཀྱང་འཛིན་གྲྭ་ལྔ་པ་ནས་ཕ་མ་དང་དགེ་རྒན་ཚོས་ངོས་ནས་འགན་ལེན་མི་ཐུབ་ན་སློབ་གྲྭར་ཡག་པོ་འགྲོ་ཡི་མིན་འདུག དེ་སོངཙང་ཕ་མ་དང་དགེ་རྒན་མཉམ་རུབ་ཀྱིས་ཐོག་ནས་ལྟ་སྐྱོང་ཡག་པོ་བྱེད་དགོས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་བ།
དེ་ནས་ལྕམ་ཨུ་མཱ་ཤར་མཱ་ Uma sharma) ལགས་ཀྱིས་རྒྱ་གར་ན་གཞོན་སློབ་སྟོན་ཚོགས་པའི་ (Time Expression India) ལས་འཆར་གི་ངོ་སྤྲོད་དང་། ད་ལན་ཟབ་སྦྱོང་དེ་ཐོག་བཅར་བའི་གོ་སྐབས་བྱུང་བར་དགའ་བོ་ཞེ་དྲག་བྱུང་ལ། མ་འོངས་པར་ཟབ་སྦྱོང་འདི་ལྟ་བུར་མཉམ་འཛོམས་ཡོང་བའི་རེ་བ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་ལང་ཚོ་དར་བབ་ཀྱི་ཆེད་ལས་སློབ་སྟོན་པ་རྣམས་ནས་ཕྲུ་གུའི་སེམས་ཁམས་དང་། མྱོ་རྫས་ངན་གོམས། ཕྲུ་གུའི་ཚར་ལོངས་ཆེད་དགེ་རྒན་དང་ཕ་མའི་འོས་འགན། སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་བྱེད་ཚུལ། ལང་ཚོའི་སེམས་ངལ་སོགས་བརྗོད་གཞི་གལ་ཆེ་མང་དག་ཞིག་གི་པར་རིས་དང་། བརྙན་ཐུང་། དེ་བཞིན་ཚོགས་བཅར་བ་རྣམས་སྡེ་ཚན་དུ་བགོས་ནས་གྲོས་བསྡུར་བཅས་ཀྱི་ལམ་ནས་སློབ་འཁྲིད་གནང་འཆར་ཡོད་འདུག
མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ནས་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་སློབ་གྲྭ་ཁག་གི་དགེ་རྒན་དང་། མདུན་ལམ་སློབ་སྟོན་པ་བཅས་ལ་ལངས་འཚོ་དར་བབ་ཀྱི་ཟབ་སྦྱོང་གོ་སྒྲིག་གི་རིམ་པས་གནང་འཆར་ཡོད།
ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་འདི་བཞིན་ཨ་རིའི་རོགས་ཚོགས་ (USAID) ནས་མཐུན་འགྱུར་རོགས་རམ་གནང་ཡོད་འདུག