ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ངག་དབང་ཐར་པ་ལགས་བཅས་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་ཆེད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༤ ཉིན་གྱི་དགོང་དྲོ་ཧོ་ལན་ཌི་ Holland རྒྱལ་ས་ཨེམ་སི་ཊེ་ཌམ་ Amsterdam དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ཚེ་རིང་བྱམས་པ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༢༥ ཉིན་རྒྱལ་ས་ཨེམ་སི་ཊེ་ཌམ་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྦྱིན་བདག་རྣམ་པར་བོད་དོན་དང་འབྲེལ་བའི་སྐོར་གསུང་བཤད་དང་། དྲི་བ་དྲིས་ལན་གནང་ཡོད། ཕྱི་ཚེས་ ༢༦ ཉིན་ཡུས་ཊ་རེཀ་མཐོ་སློབ་ Utrecht University ཀྱི་རྒྱལ་སྤྱིའི་ཚོང་ལས་ཡར་རྒྱས་སློབ་གཉེར་གནང་མཁན་སློབ་མ་ཞིག་གི་བཅར་འདྲིར་དང་ལེན་གནང་བ་དང་། དེ་རྗེས་ཨེམ་སི་ཊེ་ཌམ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་འཛིན་རྣམས་དང་ལྷན་མཉམ་འཛོམས་ཀྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད།
ཕྱི་ཚེས་ ༢༧ ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གི་གསར་འཕྲིན་དང་། ཡུས་ཊ་རེཀ་མཐོ་སློབ་ནང་བོད་དོན་ཐོག་ཉམས་ཞིབ་གནང་མཁན་སློབ་ཕྲུག་གཉིས་བཅས་ཀྱི་བཅར་འདྲིར་དང་ལེན་ཞུས་གནང་ཡོད་འདུག ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ཁོང་དང་ལྷན་བོད་དོན་སྐོར་བགྲོ་གླེང་ལྷུག་པོ་གནང་རྗེས། དྷ་ཧེག་ The Hague གྲོང་ཁྱེར་ནང་ཧོ་ལན་ཌི་ཕྱི་སྲིད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མི་སྣ་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་འབོད་གནང་ཡོད་པ་དང་། ཕྱི་དྲོ་ཧོ་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བའི་བོད་རིགས་མི་མང་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་པ་བཞིས་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། དབུ་མའི་ལམ་གྱི་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་དང་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་ཧོ་ལན་ཌིའི་གསར་ཤོག་གྲགས་ཆེ་བ་བཞིའི་ཡ་གྱལ་གཞུང་འབྲེལ་གསར་ཤོག་ de Volkskrant ཞེས་པས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཅར་འདྲི་གནང་བར་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་ཧོ་ལན་ཌིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་བཞིའི་འཐུས་མི་བཞི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་གྲུབ་མཚམས། གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ ཨིས་རིཀ་ཏེར་ཊ་མཆོག་ནས་གྲོས་ཚོགས་ནང་གཟིགས་བསྐོར་དུ་ཁྲིད་གནང་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་ Clingendael Institute ཀི་ལན་ཇན་ཌལ་བསྟི་གནས་ཁང་གི་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་མཁས་དབང་གཉིས་ཀྱི་སར་ཆེད་ཕེབས་ཀྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་འདུག
ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༡ ནས་ ༣༠ བར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་རྒྱལ་ཁབ་ཁག་བཞིའི་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་། བོད་དོན་ཞུ་སྐུལ་གྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་གནང་ཡོད། ཐེངས་འདིའི་ཧོ་ལན་ཌིར་བོད་དོན་ཞུ་སྐུལ་གནང་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་མཐུ་སྟོབས་ལགས་ཀྱང་མཉམ་དུ་ཕེབས་གནང་ཡོད་པ་བཅས། །