༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་གྲོས་ཚོགས་འཐུས་མི་ལས་ཐོགས་པ་སྐུ་ཞབས་ Shri Ram Swaroop Sharma མཆོག་ཕེབས་གནང་པར་དཔལ་ལྡན་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམིགས་བསལ་འཚམས་འདྲི་དང་སྦྲགས་ཆེས་མཐོའི་ཕྱག་རྟགས་ཞིག་ཀྱང་ཕུལ་ཡོད།
དེ་ཉིན་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་གནང་བ་བཞིན་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་ (Bharat Jagran Yatra) ཐོག་གསུང་བཤད་གནང་། གཞན་ཡང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་ཟུར་སྐུ་ཞབས་ Sunil Manoja ལགས་དང། ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ Ram Swaroop མཆོག ཚོགས་མི་སྐུ་ཞབས་ Prem Sagar ལགས། ཧི་མཱ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Aggarwal ལགས་བཅས་ཕེབས་པ་མ་ཟད། སྐབས་དེར་མཛད་སྒོའི་ཐོག་ཁོང་རྣམ་པས་གསུང་བཤད་ཀྱང་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༢ པར་གཙུག་ལག་ཁང་གི་ཉེ་འགྲམ་རླངས་འཁོར་འབབ་ཚུགས་ (Temple Road, DMC Parking) སུ་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐེངས་ ༢༢ པའི་ཧི་མཱ་ལ་ཡའི་དུས་སྟོན་ (Himalayan Festival ) དུ་ཆེ་བསྟོད་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ཕེབས། དེ་བཞིན་སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཀྱང་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་ཡོད། མ་ཟད་རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་སྐུ་ཞབས་ Shri Onkar Nehria ལགས་དང། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Subhash Nariya ལགས། སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་དེ་གའི་མཛད་སྒོར་ཆེད་ཕེབས་གནང་བའི་གནས་ཚུལ་སྙིང་བསྡུས་སུ།།