༢༠༡༧ ཟླ་ ༡༢ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༤ རེས་གཟའ་ཟླ་བའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། “བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས། གཞིས་བྱེས་གཉིས་སུ་གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་ཞུའི་ལས་སྐལ་བྱུང་བ་” ཞེས་པའི་ཕྱག་དེབ་དབུ་འབྱེད་གནང་བ་མ་ཟད། གསུང་བཤད་ཀྱང་གནང་འདུག
དེ་ཡང་དཔེ་དེབ་དེ་ནི་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་ངག་རྒྱུན་ལོ་རྒྱུས་ཀྱི་དཔེ་དེབ་ཡིན་ཞིང་། བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བ་ཞིག་ཡིན་འདུག
མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ཁྲིམས་ཞིབ་པ་གཞན་འབུམ་རམས་པ་ངག་དབང་རབ་རྒྱས་མཆོག་དང་། བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་སོགས་ཚང་འཛོམས་ཀྱི་ཐོག་མར་སྐུའི་བླ་སྨན་པ་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་དོན། ངའི་པཱ་ལགས་ཕྱི་ལོ་ ༡༩༢༩ ལོར་ཁམས་ཏྲེ་ཧོར་དར་རྒྱས་དགོན་པའི་འཁྲིས་སུ་འཁྲུངས་ཡོད། དགུང་ལོ་ལྔར་ལོན་སྐབས་སྐུ་མཆེད་བགྲེས་པ་ཚོས་ལྷ་སར་སློབ་སྦྱོང་ཆེད་ཕེབས་གནང་འདུག ཆུང་དུས་པཱ་ལགས་རྒྱ་གར་རྡོར་གླིང་ Darjeeling སེན་ཇོ་སེབ་མཐོ་སློབ་ St.Joseph ཏུ་ཕེབས་ནས་སློབ་སྦྱོང་གནང་འདུག
དུས་སྐབས་དེར་བོད་ནང་རྭ་སྒྲེང་རིན་པོ་ཆེ་དང་སྟག་བྲག་རིན་པོ་ཆེའི་རྙོག་གྲ་འབྱུང་སྐབས་ཡིན། ངའི་ཨ་མ་ལགས་རྭ་སྒྲེང་རིན་པོ་ཆེའི་ཚ་མོ་རེད། ཟིང་འཁྲུག་ལང་སྐབས་ས་འདུ་ཚང་གི་ཕ་གཞིས་མང་པོ་ཞིག་ལ་གཞུང་གིས་སྒོ་ཐེལ་བསྐྱོན་སྟབས་ས་འདུ་ཚང་གིས་གཞུང་ལ་ཁ་མཆུ་བརྒྱབ་པ་རེད། ཁ་མཆུ་ཐོབ་སྐབས་བོད་གཞུང་ནས་གུན་གསབ་གནང་རྒྱུའི་དགོངས་བཞེས་གནང་སྟེ་གུན་གསབ་ཀྱི་ཚུལ་དུ་ནང་མི་ནས་མི་གཅིག་བོད་གཞུང་གི་གཞུང་ཞབས་བསྐོ་བཞག་གནང་རྒྱུ་ཞལ་བཞེས་གནང་བར་བརྟེན། པཱ་ལགས་གཞུང་ཞབས་ནང་འཛུལ་ཞུགས་ཀྱིས་ལས་ཁུར་དང་པོ་ཕྱི་རྒྱལ་ལས་ཁུངས་སུ་གནང་འདུག
ཕྱི་རྒྱལ་ལས་ཁུངས་ནང་ཕྱག་ལས་གནང་མུས་པཱ་ལགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་ལྷན་རྒྱ་ནག་དང་། དེ་བཞིན་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ནང་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་ཡང་ལྷན་བཅར་ཞུས་འདུག
དེ་རྗེས་བོད་ས་ཤོར་རྗེས་ཐོག་མར་༸སྐུ་སྒེར་ཡིག་ཚང་ནང་ཕྱག་ལས་ཏོག་ཙམ་གནང་རྗེས་ཕྱི་ལོ་ ༡༩༦༤ ལོར་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་ཀལ་ཀ་ཏར་དགེ་བདེ་ལྕགས་དོང་བཟོ་གྲྭར་ (Gayday Iron and Steel Company) སྐུ་ངོ་ཚ་རོང་གི་ཚབ་ཏུ་ཕྱག་ལས་གནང་ཡོད། དེའི་རྗེས་སུ་ཀལ་ཀ་ཏར་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ཚོགས་པའི་ (Dalai Lama Charitable Trust) ཐུགས་འགན་བཞེས་ཡོད། སྐབས་དེར་ཐོག་མར་གསར་འཛུགས་གནང་བའི་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ཚོགས་པའི་ནང་ཕྱག་ལས་གནང་མཁན་མི་གསུམ་ལས་མེད།
དེ་ནས་པཱ་ལགས་ལྡི་ལི་དོན་གཅོད་ནང་ལོ་གཉིས་ཙམ་རིང་ཕྱག་ལས་གནང་ནས་རིམ་བཞིན་བཀའ་བློན་དུ་བསྐོ་གཞག་གནང་ཡོད། དེ་ནས་ལོ་གཉིས་གསུམ་རྗེས་པཱ་ལགས་གཞུང་ཞབས་ནས་དགོང་པ་ཞུས་གནང་བ་རེད།
འདིར་ངས་ཞུ་འདོད་ཡོད་པའི་གནད་འགག་གཅིག་ནི། པཱ་ལགས་ཀྱི་སྐུ་མཆེད་བགྲེས་པ་གཅིག་གིས་རྒྱ་གར་ནས་བོད་དུ་ཆེས་ཐོག་མ་གསུང་པར་རྒྱང་གྲགས་འཕྲུལ་ཆས་ microphone system འཁྱེར་ཡོད། པཱ་ལགས་ཀྱིས་དེའི་སྐོར་མཁྱེན་བཞིན་ཡོད་སྟབས་༸སྐུ་མདུན་གྱིས་བོད་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་སྩོལ་སྐབས་བོད་ནང་དེ་སྔ་མ་གྲགས་པ་ཞིག་ལ་རྒྱང་གྲགས་འཕྲུལ་ཆས་ཐོག་མ་སྐབས་དེར་བཙུགས་གནང་འདུག
བོད་མི་ཚོས་སྐབས་དེར་༸སྐུ་མདུན་གྱི་གསུང་ཆོས་རྒྱང་རིང་པོ་ནས་གོ་ཐུབ་པར་བརྟེན་ཚང་མ་ཧང་སང་དགོས་པ་ཞིག་བྱུང་འདུག དེ་རྗེས་༸སྐུ་མདུན་རྒྱ་ནག་ཏུ་གདན་འདྲེན་ཞུ་སྐབས་རྒྱང་གྲགས་འཕྲུལ་ཆས་དེ་ཡང་རྒྱ་ནག་ཏུ་འཁྱེར་འདུག་པ་མ་ཟད། དགོན་པ་ཁག་མང་པོ་ཞིག་ནང་གསུང་ཆོས་གནང་སྐབས་ཕན་ཐོགས་ཧ་ཅང་བྱུང་འདུག
བོད་གཞུང་སྐུ་ངལ་ཆེ་བའི་སྐབས་སུ་པཱ་ལགས་ཀྱིས་ཕྲན་བུ་ཐུགས་ཕན་གསོ་བའི་ཞབས་ཞུ་བསྒྲུབས་ཐུབ་པ་དེས་ང་རང་ལ་ཡིན་ནའང་བློ་བདེ་པོ་ཞིག་དང་འདོད་བློ་ཁེངས་པ་ཞིག་འདུག ཅེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་བསྟུན་པར་རིགས་རྙིང་པ་ཁག་གཅིག་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ངོ་སྤྲོད་གནང་། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་མཆོག་གིས་བོད་ཡིག་ནས་དཔེ་དེབ་དེ་སྒྲོགས་སྦྱང་གནང་བ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཨིན་ཡིག་ནས་སྒྲོགས་སྦྱང་གནང་འདུག
དེ་རྗེས་བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཕྱག་དེབ་དབུ་འབྱེད་ཀྱི་ཚོགས་འདུར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། ཁྲིམས་ཞིབ་པ་རྣམ་པ། ཁྲིམས་ཞིབ་པ་ཟུར་པ། བཀའ་བློན་རྣམ་པ། གཞན་ཡང་གཞུང་གི་ལས་བྱེད་དང་སྐུ་མགྲོན་གཞན། ལྷག་པར་གོ་སྒྲིག་གནང་མཁན་སྨན་པ་ཚང་མར་ཐོག་མར་སྐུ་ངོ་ས་འདུ་རིན་ཆེན་ལགས་ཀྱི་སྐུ་ཚེའི་བྱུང་རབས་ངག་རྒྱུན་སྡེ་ཚན་དང་ཨིན་སྐད་གཉིས་ཀར་ཐོག་ཐོན་པ་འདི་དབུ་འབྱེད་གནང་རྒྱུར་ང་རང་བཅར་ཐུབ་པ་དགའ་སྤྲོ་ཆེན་པོ་དང་། སྤོབས་པ་བྱུང་། གང་ཟག་སྒེར་གྱི་མི་ཚེའི་བྱུང་རབས་ཡིག་ཐོག་ལ་འགོད་རྒྱུ་འདི་གནའ་སྲོལ་དང་དེང་རབས་ཀྱི་ལམ་སྲོལ་གཉིས་ཀ་ཡོད་པ་ཞིག་རེད།
ལྷག་པར་ཤར་གླིང་སྤྱི་ཚོགས་ནང་རིས་སུ་མ་ཕྱེ་བའི་ཆོས་ལུགས་སོ་སོའི་ནང་ནས་གང་ཟག་གཞན་གྱིས་གང་ཟག་གཞན་ཞིག་གི་མི་ཚེའི་ལོ་རྒྱུས་འབྲི་རྒྱུ་དང་། རང་གི་ལོ་རྒྱུས་རང་གིས་འབྲི་རྒྱུ། ང་ཚོའི་བོད་ལ་ཡིན་ན་བླ་མ་ཚོའི་སྐུ་ཚེའི་ལོ་རྒྱུས་ལ་རྣམ་ཐར་ཞེས་མིང་འདོགས་བཞིན་ཡོད། རྒྱ་གར་ནང་ཡིན་ན་རྟོགས་པ་བརྗོད་པ་ཞེས་བརྗོད་རྒྱུ་རེད། སྐུ་ཚེ་འདིའི་རྣམ་ཐར་བཤད་པ་ཡིན་ན་དེར་རྟོགས་པ་བརྗོད་པ་ཞེས་དང་། སྐུ་ཕྲེང་སྔོན་མའི་རིམ་པ་བྱས་ནས་བཤད་ན་འཁྲུངས་རབས་སམ་སྐྱེ་རབས། དེ་ཡང་རང་གིས་གསུང་པ་དང་གཞན་གྱིས་བརྩམས་པ་གཉིས་ཀར་ཡོད་ཆོག་པ་ཞིག་རེད།
སྟོན་པ་བཅོམ་ལྡན་འདས་ལྟ་བུར་མཚོན་ནའང་མངོན་པར་འབྱུང་བའི་མདོ་དང་མདོ་རྒྱ་ཆེར་རོལ་པ་གཉིས་པོ་འདི་སངས་རྒྱས་ཀྱི་རང་རྣམ་ Auto biography ལྟ་བུ་རེད། དེ་མ་ཡིན་པའི་མཁས་པ་གཞན་གྱིས་བརྩམས་པ་དཔེར་ན། སངས་རྒྱས་ཀྱི་སྤྱོད་པ། ཞེས་བྱ་བའི་སྙན་ངག་ཆེན་པོ་ལ་སོགས་པ་དེ་དག་གཞན་གྱིས་བརྩམས་པའི་རྣམ་ཐར་རེད། དེ་བཞིན་བོད་ལའང་མང་ཆེ་བ་ཞིག་བླ་མ་སྐྱེས་ཆེན་དམ་པ་ཚོའི་རྣམ་ཐར་རྗེ་བཙུན་མི་ལའི་རྣམ་ཐར་ལྟ་བུ་ཡིན་ན་རང་རྣམ་རེད། དེ་མིན་སློབ་མ་སོ་སོས་བརྩམས་པ་དེ་འདྲའང་མང་པོ་ཡོད། འོན་ཀྱང་བོད་ལ་གང་ཟག་སྒེར་གྱི་མི་ཚེའི་ལོ་རྒྱུས་མེད་པའང་མིན། དེ་རིགས་རྩོམ་སྲོལ་མང་པོ་དར་འདུག
དཔེར་ན་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས་ལྟ་བུ། སྙན་ངག་ཆེན་པོའི་ངོ་བོར་ཡོད་པ་དེ་འདྲའང་མང་པོ་ཡོད། བདག་ཉིད་ཆེན་པོ་གཱན་དྷིའི་རང་རྣམ་ My experiment with truth ཞེས་པ་འབྲི་གནང་སྐབས་རྒྱ་གར་བའི་མཁས་པ་ཞིག་གིས། སོ་སོས་སོ་སོའི་ལོ་རྒྱུས་འབྲི་རྒྱུ་འདི་གང་འདྲ་ཡིན་ནམ། biography ནུབ་ཕྱོགས་པའི་བྱེད་སྟངས་ཤིག་རེད། ང་ཚོ་ཤར་ཕྱོགས་པའི་ལེགས་བྱང་ནང་དུ་མེད། ཅེས་ཞུ་མཁན་བྱུང་འདུག དེར་བརྟེན་གཱན་དྷིས། དེ་འདྲ་ལབ་མཁན་བྱུང་སོང་འོན་ཀྱང་རྒྱ་གར་གྱི་བྱུང་རབས་ཀྱི་ནང་ལ་རང་གི་ལོ་རྒྱུས་བྲིས་པ་དང་། གཞན་གྱི་ལོ་རྒྱུས་བྲིས་པ་གཉིས་ཀ་གནའ་བོའི་རིག་གཞུང་ནས་བྱུང་བ་ཞིག་མ་གཏོགས་གསར་གཏོད་བྱས་པ་དང་ནུབ་ཕྱོགས་པ་ལས་དཔེར་བླངས་བ་ཞིག་ཆགས་ཀྱི་མི་འདུག དེར་བརྟེན་ངས་འདི་འབྲི་བཞིན་ཡོད། ཅེས་མཁས་པ་དེར་གཱན་དྷིས་ལན་གནང་འདུག
འབྲི་རྒྱུའི་དགོས་པའང་རྗེ་རིན་པོ་ཆེས་གསུང་པ་ལྟར། རང་གི་ལེགས་པའི་བྱ་བར་རྗེས་སུ་ཡི་རངས་བྱ་རྒྱུ་དང་། རང་གི་ནོར་འཁྲུལ་དེ་དག་ལ་ངོས་ལེན་བྱས་ནས་འགྱོད་བཤགས་བྱེད་རྒྱུ། དེ་ལ་བརྟེན་ནས་མ་འོངས་པར་ཀློག་པ་པོ་རྣམས་ཀྱིས་ཡོན་ཏན་བླང་ཐུབ་པ་དང་སྐྱོན་སྤོང་ཐུབ་རྒྱུ་དེ་འདྲ་ཡིན་ཞེས་གསུང་ཡོད།
ང་ཚོ་བོད་པའི་སྤྱི་ཚོགས་ནང་བླ་མ་སྐྱེས་བུ་དམ་པའམ་མཁས་པ་དེ་འདྲ་མིན་པའི་གང་ཟག་སྒེར་པ་མི་དབང་བསོད་ནམས་སྟོབས་རྒྱལ་ལྟ་བུ་རེ་ཟུང་མ་གཏོགས་སྤྱིར་གང་ཟག་སྒེར་དང་ལྷག་པར་ཁྱིམ་པའི་སྤྱི་ཚོགས་ནང་དུ་ལོ་རྒྱུས་འབྲི་རྒྱུའི་ལམ་སྲོལ་ནི་ཉུང་ཉུང་རེད། འོན་ཀྱང་ཕྱི་ལོ་ ༡༩༥༩ རྗེས་སུ་བཙན་བྱོལ་སྤྱི་ཚོགས་ནང་འབྱོར་རྗེས་ང་ཚོའི་གནས་སྟངས་མང་པོ་ཞིག་བོད་རྒྱལ་ཁབ་དང་བོད་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་ལེགས་སྦྱངས་དང་བཅས་པ་བཙན་ཐབས་སུ་འགྱུར་བ་ཆེན་པོ་ཞིག་ཕྱིན་པའི་གོ་སྐབས་ཤིག་འབྱུང་སྐབས་ཚང་མ་ཧང་སང་བ་ལྟ་བུ་བྱས། སྟབས་ལེགས་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་དེ་རང་གིས་བསྐྱབས་པ་རེད་མ་གཏོགས་གཞན་ང་ཚོ་འགྲོ་སྟངས་སྡོད་སྟངས་མ་ཤེས་ཟེར་བ་ལྟ་བུའི་གནས་སྟངས་ཤིག་སྐབས་དེར་ཏན་ཏན་བྱུང་བ་རེད།
དེའི་སྐབས་ལ་འཕོ་འགྱུར་གྱི་གནས་སྐབས་སུ་ནུབ་ཕྱོགས་པའི་སྐད་ཆ་ཤོད་སྟངས་བྱས་ན་ in a period of transition དེ་ཡང་རང་བཞིན་གྱིས་འཕེལ་རིམ་ལྟ་བུ་བྱས་ནས་ག་ལེར་འགྱུར་བ་ཕྱིན་པ་ཞིག་མིན་པར་ངས་ནམ་རྒྱུན་མཚམས་རེ་ངོས་ཤེས་ཚོར་བརྗོད་བཞིན་ཡོད། ང་ཚོ་ཕྱི་ལོ་བརྒྱ་ཕྲག་བདུན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནས་སྤྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་མཆོང་རྒྱག་གཅིག་བརྒྱབ་པ་རེད་མ་གཏོགས་རིམ་བཞིན་ག་ལེར་ཡོང་རྒྱུའི་གོ་སྐབས་བྱུང་མེད།
མཆོང་ཐེངས་གཅིག་ལ་དུས་རབས་བདུན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ Civilization ནས་དུས་རབས་༢༡ སྤྱི་ཚོགས་དཔལ་ཡོན་ནང་མཆོང་ཐེངས་གཅིག་ལ་མཆོངས་ཐུབ་པ་དེའང་བླ་ན་མེད་པའི་དབུ་ཁྲིད་གཅིག་ཡོད་པའི་དབང་གིས་བྱུང་བ་རེད། ཅེས་དེ་འདྲ་བརྗོད་ཀྱི་ཡོད། དེའི་སྐབས་ལ་གལ་གནད་ཆེ་བའི་མི་སྣ་མང་པོ་ཞིག་རང་རང་གི་མི་ཚེའི་བྱུང་རབས་འདི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་བྱུང་རབས་ཀྱི་གལ་གནད་ཆེ་བའི་ཆ་ཤས་ཤིག་ཆགས་ཡོད། དུས་དེ་ཞི་འཇགས་སྐབས་ལྟ་བུ་ཡིན་ན་མི་སེར་དཀྱུས་མ་ཞིག་དང་ཚོང་པ་ཞིག གང་ཟག་སྒེར་པ་ཞིག་གི་མི་ཚེའི་གནས་བབ་འདི་རྒྱལ་ཁབ་དང་མི་རིགས་ཀྱི་བྱུང་རབས་ཀྱི་ཆ་ཤས་སུ་འགྲོ་བའི་ངེས་པ་གང་ཡང་མེད།
དེ་རིང་ང་ཚོ་ ༡༩༥༡ ནས་ད་ལྟའི་བར་གྱི་འདས་པའི་ལོ་ ༦༠ ཡས་མས་ཙམ་གྱི་གནས་སྟངས་འདི་སྤྱི་ཡོངས་ཀྱི་གནས་སྟངས་དང་མི་འདྲ་བའི་གནས་ཚུལ་ཁྱད་པར་ཅན་ཞིག་བྱུང་བ་ཡིན་སྟབས། དེའི་ནང་གང་ཟག་མི་རེ་ངོ་རེའི་མི་ཚེའི་གནས་སྟངས། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་ལ་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་། བོད་རང་དབང་ཡོད་སྐབས་ཀྱི་བོད་གཞུང་། རང་དབང་བྲལ་རྗེས་ཀྱི་བཙན་བྱོལ་གཞུང་དེ་ཚོའི་ནང་སྲི་ཞུ་ཞབས་འདེགས་ཞུ་མཁན་གང་ཟག་མི་རེ་ངོ་རེའི་ཉིན་རེའི་འཚོ་བའི་གནས་སྟངས་འདི་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་བྱུང་རབས་ཀྱི་ཆ་ཤས་གལ་གནད་ཆེན་པོ་ཞིག་ཆགས་བཞིན་ཡོད་པ་འདི་དངོས་ཡོད་གནས་སྟངས་ཤིག་རེད།
དེར་བརྟེན་༸གོང་ས་མཆོག་གིས་གཞུང་ཞབས་ལས་བྱེད། སྤྱི་ཚོགས་ནང་ཉམས་མྱོང་ཡོད་མཁན་རྒན་པ་ཚང་མར་རང་རང་གི་མི་ཚེའི་ལོ་རྒྱུས། ལྷག་པར་སྐབས་དང་དུས་སུ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ཞབས་འདེགས་གང་ཞུས་པ་དེ་དག་ཡིག་ཐོག་ཏུ་དགོད་ཐུབ་ན་ཡག་པོ་ཡོད། ཅེས་ཡང་ཡང་བཀའ་སློབ་ཕེབས་པ་ལྟར་འདས་པའི་གཞུང་ཞབས་བགྲེས་པ་དང་སྤྱི་ཚོགས་ཀྱི་མི་གནད་ཡོད་མང་པོ་ཞིག་གིས་སོ་སོའི་ལོ་རྒྱུས་བྱུང་རབས་ཡིག་ཐོག་ཏུ་བཀོད་གནང་ཡོད། ཡིག་ཐོག་ཏུ་འགོད་སྐབས་ནམ་རྒྱུན་དང་མི་འདྲ་བར་རང་གི་མི་ཚེའི་བྱུང་རབས་ཡིག་ཐོག་ཏུ་འགོད་སྐབས་གནས་ཚུལ་མང་པོ་ཞིག་དེའི་ནང་དུ་སྡོམ་བཞིན་ཡོད།
རང་གི་སྐྱེས་ཡུལ་གྱི་ལུང་པའི་བྱུང་རབས་ཡང་དེའི་ནང་འཁོད་བཞིན་ཡོད། དེ་མིན་གཅིག་བྱས་ན་ང་ཚོས་རིམ་བཞིན་རྗེད་འགྲོ་རྒྱུ་ལྟ་བུ་རེད། མངའ་རིས་ལ་སྐྱེས་པ་ཡིན་ན་མི་དེས་རང་གི་མི་ཚེའི་ལོ་རྒྱུས་འབྲི་སྐབས་ས་བབ་དང་སྤྱི་ཚོགས། གནམ་གཤིས་ཀྱི་གནས་སྟངས་སོགས་རང་བཞིན་གྱིས་སླེབ་ཀྱི་རེད། དེར་བརྟེན་ཉམས་ཞིབ་གནང་མཁན་ཞིག་ལ་མཚོན་ནའང་ཉམས་ཞིབ་ཀྱི་རྒྱུ་ཆ་ལེགས་ཤོས་ཤིག་ཆགས་ཡོད།
དེར་བརྟེན་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལྟར་དཔེ་མཛོད་ཁང་ནས་ངག་རྒྱུན་ལོ་རྒྱུས་ཀྱི་སྡེ་ཚན་ཟུར་འཛུགས་གནང་ནས་རང་རང་སོ་སོའི་དང་བླངས་ཐོག་ནས་རང་གི་མི་ཚེའི་བྱུང་རབས་འབྲི་རྒྱུའི་ནུས་པ་མེད་མཁན་ཚོ་ལའང་ངག་ཐོག་ནས་བཀའ་འདྲི་ཞུས་ནས་རུབ་རུབ་བཟོས་པ་དེ་འདྲ་ཡོད། སོ་སོར་འབྲི་རྒྱུའི་ནུས་པ་ཡོད་མཁན་མང་པོ་ཞིག་གིས་༸གོང་ས་མཆོག་གིས་བཀའ་འབྲེལ་ལྟར་བྲིས་གནང་ཡོད།
དེའི་ནང་ནས་ད་ལྟ་སྐབས་སུ་བབ་པ་དེ་རིང་འདིར་དབུ་འབྱེད་ཞུ་རྒྱུ་འདི་བཀའ་ཟུར་དམ་པ་ས་འདུ་རིན་ཆེན་ལགས་ཀྱི་སྐུ་ཚེའི་བྱུང་རབས་འདི་རེད། རིན་ཆེན་ལགས་སྐུ་ཚེའི་གནས་སྟངས་འདི་དམིགས་བསལ་བ་ཧ་ཅང་ཞིག་ཡིན་པ་ངས་དེ་འདྲ་ཚོར་བཞིན་ཡོད། སྤྱིར་ང་ཚོ་གྲྭ་སར་སྡོད་སྐབས་གང་ཡང་ཤེས་ཀྱི་མེད། འོན་ཀྱང་ས་འདུ་ཚང་། ཞེས་པའི་མིང་དེ་ང་རང་ཆུང་དུས་གྲྭ་སར་ཡོད་དུས་ནས་གོ་མྱོང་ཡོད། དེ་གོ་བའི་རྒྱུ་མཚན་གང་ཡིན་བརྗོད་ན། སྤྱིར་བཏང་བསྟན་པ་ཆོས་སྦྱིན་བྱས་བླ་སྤྲུལ་དང་དགོན་སྡེ་རིས་སུ་མ་ཕྱེ་བའི་སྦྱིན་བདག་དྲག་ཤོས་གཅིག་རེད། དེའི་ནང་ནས་ས་འདུ་ཚང་གི་སྦྱིན་བདག་ཚང་མ་སྐྱབས་རྗེ་རྡོ་རྗེ་འཆང་ ༼སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ།༽ སྐུ་མདུན་ཡང་ཡང་བཅར་གྱི་རེད། སྐྱབས་རྗེ་གླིང་རིན་པོ་ཆེའི་སྐུ་མདུན་དུའང་བཅར་གྱི་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་གྲྭ་སའི་སློབ་གཉེར་བ་སྐྱོ་བོ་དེ་འདྲ་དང་། སློབ་གཉེར་ཡག་པོ་ཡོད་ཀྱང་འཚོ་བའི་མཐུན་རྐྱེན་གྱིས་ཕོངས་པ། ལྷག་པར་སློབ་གཉེར་ཡག་པོ་ཡོད་མཁན་ཚོ་དགེ་བཤེས་གཏང་མཚམས་སུ་དཔལ་འབྱོར་གྱི་མ་འདང་བ་དེ་དག་ལ་སྐྱབས་རྗེ་རྡོ་རྗེ་འཆང་གིས་སྦྱིན་བདག་གཏོང་གནང་ས་འགའ་ཤས་ཡོད། དེའི་ནང་ནས་ས་འདུ་ཚང་དྲག་ཤོས་ཤིག་རེད། དེ་ནས་བཟུང་ང་ཚོའི་རྣལ་བར་འཇག་པ་ཞིག་རེད། ལྷ་སར་ཡང་གཟིམ་ཤག་ཆེན་པོ་ཡོད་མཁན་གྲས་ཤིག་རེད་འདུག
ད་ལྟ་སྨན་པ་ཚེ་བརྟན་ལགས་ཀྱིས་གསུང་པ་ལྟར། གསུང་པར་རྒྱང་གྲགས་འདི་ངས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཐོག་མ་ཞུས་པ་དེ་ཕྱི་ལོ་ ༡༩༥༢ ལོརསྨོན་ལམ་སྐབས་རེད། སྐབས་དེར་མི་ཚོགས་ཆེན་པོ་ཇི་ཙམ་ཡོད་ཀྱང་ཚང་མས་གསན་ཐུབ་པ་ཞིག་བྱུང་སོང་། རྒྱང་གྲགས་ཐོག་མར་འཛུགས་སྐབས་ཕྱག་ལས་གནང་མཁན་ཡང་མི་གཉིས་གསུམ་ལས་མི་འདུག སྐབས་དེར་སྒྲ་གཉིས་ལྡན་བྱས་ནས་ཕྲན་བུ་གསུང་ཆོས་གོ་ཁག་པོ་འདྲ་ཚོར་བྱུང་། དེ་རྗེས་གཅན་གཟན་གླིང་ཁར་དུས་འཁོར་དབང་ཆེན་ཐོག་མ་ཚུགས་སྐབས་དེ་སྔ་གསུང་ཆོས་དཀའ་ངལ་དེ་གསང་འདུག ༸གོང་ས་མཆོག་གི་གསུང་ཆོས་ཕོ་བྲང་ནང་དུ་སྩལ་བའི་སྐབས་གསུང་པར་རྒྱང་གྲགས་དེ་བེད་སྤྱོད་གནང་གི་མི་འདུག གསུང་ཆོས་རྒྱ་ཆེ་བའི་སྐབས་སུ་གསུང་པར་རྒྱང་གྲགས་དེ་བདེ་སྤྱོད་གནང་གི་འདུག གསར་གཏོད་ལྟ་བུ་ཞིག་ཀྱང་རེད།
བཀའ་ཟུར་སྐུ་གཤེགས་རིན་ཆེན་ལགས་ཀྱི་གནས་བབ་ཁྱད་པར་བ་ཞིག་གང་ཡོད་ཅེ་ན་ཕྱི་ལོ་ ༡༩༥༩ གོང་གི་བོད་བསྟན་པ་ཆབ་སྲིད་ཕྲ་ཚུགས་ནས་ཡོད་སྐབས་དམིགས་བསལ་སྐྱེས་ས་འབྱུང་ཁུངས་ཕ་རྒྱུད་བུ་རྒྱུད་ཀྱི་གཞུང་ཞབས་མིན་པའི་ཚོང་པ་ཆེན་པོ་ཞིག་གི་མི་ཚང་ནས་གཞུང་ཞབས་ཞུས་པ་དང་པོའི་གྲས་ལྟ་བུ་ཆགས་ཡོད། ཤོད་སྐོར་གྱི་གཞུང་ཞབས་བོད་ཨིན་གཉིས་ཀ་མཁྱེན་མཁན་ཕལ་ཆེར་སྐབས་དེ་དུས་དང་པོ་རེད་བསམ་པ་དྲན་གྱི་འདུག
༸སྐུ་ཕྲེང་ ༡༣ སྐབས་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་བཏང་བ་རེ་གཉིས་མ་གཏོགས་གཞན་གསར་པའི་གྲས་ནས་དང་པོའི་གྲངས་ཡིན་རྒྱུ་རེད། དེར་བརྟེན་ངས་གོང་དུ་ཞུས་པ་ལྟར་འགྱུར་བ་ཆེན་པོའི་དུས་སྐབས་སུ་གནད་འགག་ཆེ་བའི་ལས་དོན་ཐོག་བཞུགས་གནང་མཁན་སྐུ་ངོ་རིན་ཆེན་ལགས་ལྟ་བུ་དཀོན་པོ་ཡོད།
གཞུང་ཞབས་མ་གནང་གོང་སློབ་གྲྭར་བསྐྱོད་སྐབས་ནས་མཐུན་འགྱུར་དང་མཉམ་རུབ་གནང་བ་མང་པོ་བྱུང་ཡོད། དཔེར་ན་ཕྱི་ལོ་ ༡༩༤༥ ལོར་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཀྱི་སྐུ་ཚབ་གཏོང་གནང་སྐབས་རྒྱ་གར་གྱི་ཨིན་ཇིའི་གཞུང་ཚབ་ viceroy མཆོག་མཇལ་རྒྱུ་དང་། ཨ་རིའི་གཞུང་ཚབ་མཇལ་རྒྱུ་ཕལ་ཆེར་སྐབས་དེར་སྐུ་ཚབ་ཚོགས་ཆུང་གི་དབུ་ཁྲིད་དེ་རིམ་བཞི་ཡིན་ནམ་གསང་བ་ཡིན་ནམ་གཅིག་ཡོད། སྐབས་དེར་ཡང་རིན་ཆེན་ལགས་ཡོད་འདུག ལྷག་པར་གལ་གནད་ཆེ་བ་ཞིག་ལ་རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཆེད་དུ་འབྲེལ་མོལ་གནང་མཁན་སྐུ་ཚབ་བཏང་གནང་བའི་སྐབས་སུའང་རྒྱ་གར་ནས་མར་ཕེབས་མཁན་སྐུ་ཚབ་གྲས་སུའང་རིན་ཆེན་ལགས་ཡོད།
༸གོང་ས་མཆོག་གིས་ཀྱང་རིན་ཆེན་ལགས་ལ་བབས་ལྷིང་བརྟན་གསུམ་གནང་མཁན་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད། ལྷག་པར་བཙན་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལས་དོན་གནད་འགག་ཆེ་ཤོས་བརྩི་རྒྱུ་ཞིག་ཕྱི་ལོ་ ༡༩༥༩།༡༩༦༡ སྐབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ང་ཚོས་སྙན་ཞུ་ཐེངས་གསུམ་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད། ཐེ་ལེན་ཌི་དང་མ་ལེ་ཤི་ཡ་ཡིན་པ་ཡོད། ཁོང་ཚོས་སྦྱིན་བདག་འོག་ནས་སྙན་ཞུ་གཅིག་དང་། གང་ལྟར་ཐེངས་གསུམ་པོ་དེར་སྦྱིན་བདག་མི་འདྲ་བ་བྱས་ནས་ཐེངས་གསུམ་ཕུལ་བ་རེད། སྨན་པ་ཚེ་བརྟན་ལགས་ཀྱིས་གསུང་པ་ལྟར་རེད། སྐབས་དེར་པ་ཀི་སི་ཐན་ཡང་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་མཁན་གྲས་རེད། དེ་ཚོ་ཚང་མའི་ནང་དུའང་རིན་ཆེན་ལགས་ཀྱིས་ཆ་ཤས་ཤུགས་ཆེན་པོ་བཞེས་ནས་ལྷ་སྲས་སྐུ་ཞབས་རྒྱལ་ལོ་ལགས་དང་ལྷན་རྒྱས་ལ་ཕལ་ཆེར་ཐེངས་གསུམ་གར་ཡོད་པ་ཡོད། ཐེངས་དང་པོ་དང་གཉིས་པར་ཡོད་པ་ངས་གསལ་པོར་དྲན་བཞིན་འདུག ཕལ་ཆེར་ཐེངས་གསུམ་པར་ཡང་ཡོད་མདོག་ཁ་པོ་རེད། ཕྱག་དེབ་འདི་རིན་ཐང་ཅན་གྱི་བྱུང་རབས་ཤིག་ཆགས་ཡོད། ཨིན་སྐད་ནང་ཡོད་པ་འདི་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གསལ་རྟོག་བྱེད་ཐུབ་པ་དང་། ཨིན་སྐད་མི་ཤེས་མཁན་གྱི་བོད་རིགས་ཚོས་ཀྱང་སོ་སོའི་ཕ་མེས་ཀྱི་སྐབས་དང་། ལྷག་པར་གལ་གནད་ཆེ་བ་ཞིག་ལ་དུས་འགྱུར་འགྲོ་ཁར་བོད་པའི་ཆབ་སྲིད་ཀྱི་གནས་སྟངས། ད་ལྟ་ལྗགས་ཀློག་གནང་སྐབས་ཚོགས་འདུ་རྒྱས་འཛོམས་སྐོར་དེ་དག་འདུག གྲོས་མཐུན་དོན་ཚན་ ༡༧ གྱི་འབྲེལ་མོལ་གནང་སྐབས་དཀའ་ངལ་གང་འཕྲད་ཡོད་མེད། དེའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ང་ཚོས་རིམ་བཞིན་ཞུ་སྐུལ་བྱས་པའི་གནས་བབ་དེ་དག་གང་འདྲ་བྱུང་བ། རྒྱ་གར་རང་བཙན་མ་བྱུང་གོང་དུ་བོད་དང་ཨིན་ཇིའི་དབང་སྒྱུར་འོག་ཡོད་པའི་རྒྱ་གར་དབར་འབྲེལ་ལམ་གང་བྱུང་ཡོད་པ། དོན་ཚན་ ༡༧ ཆེད་དུ་རྒྱ་བོད་ཞི་མོལ་གྱི་སྐུ་ཚབ་ལྷ་ས་ནས་རྒྱ་གར་བརྒྱུད་ནས་ཕེབས་མཁན་ཚོས་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་དང་ལྷན་འབྲེལ་ལམ་གང་འདྲ་བྱུང་ཡོད་པ། དེ་ལྟ་བུའི་གལ་གནད་ཆེ་བའི་བྱུང་རབས་ཀྱི་གནད་དོན་མང་པོ་ཞིག་ནམ་རྒྱུན་ཡོངས་གྲགས་ང་ཚོས་མ་ཤེས་པ་མིན་ནའང་དྲན་ཡུལ་དུ་མི་གསལ་བ་དེ་དག་མང་པོ་ཞིག་ཕྱག་དེབ་འདིའི་ནང་རྙེད་ཀྱི་རེད་བསམ་བཞིན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།།