ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ལས་བྱེད་ཞབས་ལོ་ ༢༥ འཁོར་མཁན་ཁག་གཅིག་ལ་ལེགས་སྐྱེས་གནང་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡། སྨན་མཛོད་ཁང་གི་མཛོད་གཉེར་རྒན་པ་ཚེ་རིང་དོན་གྲུབ་ལགས་ནི། ཕྱི་ལོ་ ༡༩༩༢ ཟླ་ ༤ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཀ་ཏ་Kolkata ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༥ ཟླ་ ༦ ཚེས་ ༢༠ ཉིན་དབུས་སྨན་རྩིས་ཁང་དུ་ཡིག་བང་གི་ལས་གནས་སུ་གནས་སྤོས་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༡ ཉིན་སྨན་མཛོད་དུ་སྨན་བདག་གཉེར་དོ་དམ་པའི་ལས་གནས་གནང་བ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་སྨན་མཛོད་གཞི་རྒྱ་ཆེ་བའི་གནས་སྟངས་འོག་རིན་ཆེན་སྨན་དང་། མཛོད་བོངས་ཆེ་བའི་དོ་དམ་པའི་ལས་འགན་གནང། སྨན་རྩིས་ཁང་དུ་ལས་ཡུན་རིང་ཐོག་མའི་སྐབས་སུ་རྡ་ས་ནས་ཉེ་འཁོར་དང་། བལ་ཡུལ་བཅས་སུ་སྨན་དང་ཐོན་རྫས་སྐྱེལ་རྒྱུ་དང་། སྨན་རྩིས་ཁང་དབུས་སུ་སྨན་རྒྱུ་འོར་འདྲེན་བྱས་ཡོད་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༢། སྨན་རྩིས་ཁང་གི་ཐོན་རྫས་གོང་སྤེལ་དང་ཡར་རྒྱས་ཚོགས་མི་བསྟན་འཛིན་སྐལ་ལྡན་ལགས་ནི། ཕྱི་ལོ་ ༡༩༩༡ ཟླ་ ༡༡ ཚེས་ ༥ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༣ ཟླ་ ༡༡ ཚེས་ ༢༣ ཉིན་དབུས་དངུལ་རྩིས་སྡེ་ཚན་གྱི་རྩིས་པའི་ལས་འགན་དུ་གནས་སྤོས་གནང། ཕྱི་ལོ་ ༢༠༠༤ ཟླ་ ༢ ཚེས་ ༤ ཉིན་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་རྩིས་པའི་ལས་འགན་དུ་གནས་སྤོས་གནང། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ཉིན་མཐོ་སློབ་དཔེ་མཛོད་ཁང་གི་དཔེ་མཛོད་དོ་དམ་པའི་ལས་རོགས་སུ་ལས་བཀོད་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ ཉིན་སྨན་རྩིས་ཁང་གི་ཐོན་རྫས་གོང་སྤེལ་དང་ཡར་རྒྱས་ཚོགས་ཆུང་གི་ཚོགས་མི་དང་ཕྱོགས་མཐའི་ཡན་ལག་ཁག་གི་ཐོན་རྫས་དང་སྨན་སྦྱིན་རྩིས་པ་གཅིག་ལྕོགས་ཀྱི་ལས་གནས་གནང་བ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༣། སྨན་སྦྱོར་ཁང་གི་ལས་བྱེད་བསྟན་འཛིན་དབང་རྒྱལ་ལགས་ནི། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་སྨན་སྦྱོར་ཁང་དུ་ལས་བཀོད་གནང་བ་ལྟར་སྨན་སྦྱོར་ཁང་དུ་ལས་དོན་འདྲ་མིན་སྣ་ཚོགས་དཔེར་ན་ཤུགས་ལས་དང་། གཙང་ཕྱིས་བྱེད་རྒྱུ། འཕྲུལ་འཁོར་གཏོང་རྒྱུ། སྨན་ཐོག་ཏུ་བསྐྱོད་རྒྱུ་སོགས་ལས་དོན་ཅི་རིགས་དྭང་ལེན་ངང་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༤། ནང་ཞིབ་གཙོ་བོ་བསྟན་འཛིན་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༩༢ ཟླ་ ༩ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཐོག་མར་དངུལ་རྩིས་སྡེ་ཚན་གྱི་རྩིས་པའི་ལས་རོགས་སུ་བསྐོ་བཞག་དང་། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡ ཉིན་སྤྱི་ཁྱབ་དངུལ་རྩིས་འགན་འཛིན་དུ་བསྐོ་བཞག་གནང། ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༡ ཉིན་སྨན་རྩིས་ཁང་གི་ནང་ཞིབ་རྒན་པའི་ལས་འགན་དུ་བསྐོ་བཞག་གནང་བ་དང་། ཕྱི་ལོ་ ༡༩༩༨ ཟླ་ ༢ ཚེས་ ༡ ཉིན་ལ་དྭགས་སུ་སྨན་རྩིས་ཁང་གི་རིག་གཞུང་བསྟི་གནས་ཁང་གསར་འཛུགས་ཀྱི་ཨར་ལས་དང་འཛིན་སྐྱོང་འགན་འཛིན་དུ་བསྐོ་བཞག་གནང། ཨར་ལས་བསྒྲུབས་མཚམས་རིག་གཞུང་བསྟི་གནས་ཁང་འཚུགས་ཏེ་ལས་དོན་བསྐྱངས། ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༢༥ ཉིན་སྨན་རྩིས་ཁང་གི་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ཉིན་སྨན་རྩིས་ཁང་གི་དམིགས་བསལ་ལས་རིགས་འགན་འཛིན་གྱི་ལས་གནས་ཐོག་བསྐོ་བཞག་གནང་བ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ཉིན་ནང་ཞིབ་གཙོ་བོའི་ལས་འགན་དང་ཆབས་ཅིག་སྦེང་གྷ་ལུ་རུ་བོད་ཀྱི་སྨན་རྩིས་ཁང་གི་ལས་གཞིའི་ཚོགས་གཙོར་བསྐོ་བཞག་གནང། ལས་ཡུན་རིང་རྒྱ་གར་དང་ཕྱི་རྒྱལ་ཨ་རིར་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་དང་། གཏམ་བཤད། བརྟག་དཔྱད་སྨན་སྐོར་དུ་བསྐྱོད་ཡོད་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད།
༥། སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ནི། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༡༥ ཉིན་སྨན་རྩིས་ཁང་གི་ཨིན་དྲུང་ས་མིག་ཏུ་འདེམས་རྒྱུགས་རྩེ་ཐོན་བྱུང་བ་ལྟར་ལས་བཀོད་གནང། ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡༡ ཉིན་སྨན་རྩིས་ཁང་གི་འགན་འཛིན་གྱི་སྐུ་སྒེར་དྲུང་ཡིག་དང་། དེའི་རྗེས་དྲུང་ཆེ་ལས་རོགས་ཀྱི་ལས་གནས་གནང། ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༣ ཉིན་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་ཐོག་ད་ལྟ་ལས་འཁུར་བཞེས་མུས། ལས་ཡུན་རིང་སྨན་རྩིས་ཁང་དུ་གཟིགས་སྐོར་ཕེབས་མི་ཕྱི་ནང་སྣེ་ཡོད་མི་སྣ་དང་གསར་འགོད་པ་རྣམས་ལ་སྨན་རྩིས་ཁང་གི་ངོ་སྤྲོད་དང་བླ་སྨན་འདས་པོ་རྣམས་ཀྱི་གསུངས་སྒྱུར་གནང་བ་དང་། སྨན་རྩིས་ཁང་དབུས་དང་། ལྡི་ལི་ཡན་ལག་གཉིས་ཀྱི་ས་ཁང་སྨན་རྩིས་ཁང་གི་བདག་ཐོབ་མིང་སྒྱུར་གྱི་ལས་དོན། འཛིན་སྐྱོང་ལས་དོན་ཆེད་ལྡི་ལི་དང་རྡ་ས་གནས་ཡུལ་ཁྲིམས་ཁང་དུ་གཏུགས་བཤེར་བྱས་ཏེ་དོན་འབྲས་སོན་ཐུབ་ཡོད་པ་དང་། དེ་བཞིན་དུས་ཀྱི་གྱུར་བགྲོད་དང་བསྟུན་ལས་བྱེད་གསར་འདེམས་ཞུ་རྒྱུ་དང་། ཡུལ་ཁྲིམས་འགྲོ་ལུགས་ཐད་ནས་འཕྲོད་བསྟེན་ཞབས་ཞུ་མ་ཟད། ཁྲལ་ཁྲིམས་འགྲོ་ལུགས་གསར་པ་ GST འོག་དེབ་སྐྱེལ་ཞུ་རྒྱུར་འཛིན་སྐྱོང་ནང་འཁུར་མཉམ་ལེན་ངང་གྲུབ་འབྲས་སོན་ཡོད་པ་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་སྨན་རྩིས་ཁང་གི་ཞབས་འདེགས་བསྒྲུབས་ཡོད་པ་བཅས།།