ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ Tibetan Entrepreneurship Development ཚན་པའི་གོ་སྒྲིག་འོག་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ཚོང་རིག་ཐོག་མཐོ་རིམ་དང་གཙུག་ལག་རབ་འབྱམས་ཐོན་པ་མི་གྲངས་ ༡༢ ལ་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་ཁྲིམས་གཞི་ GST Act སྐོར་ཟླ་བ་གཅིག་རིང་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། ཟབ་ཁྲིད་པ་མེ་གྷ་གྷེག་ཝཌ་ Ms. Mega Gaikwad ལགས་དང་པང་ཀཇ་གྷོ་ཡལ་ Mr. Pankaj Goel ལགས། དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། ཟབ་སྦྱོང་བ་བཅས་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། བཙན་བྱོལ་བོད་མི་མང་ཆེ་བ་རྒྱ་གར་ནང་སྡོད་ཀྱི་ཡོད་སྟབས། རྒྱ་གར་གྱི་ཁྲིམས་སྒྲིག་ཁག་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་འདས་པའི་དུས་ཡུན་རིང་དཔལ་འབྱོར་ལས་ཁུངས་ནས་ལུ་རྡི་ཡ་ན་ Ludhiana དང་བོད་མིའི་གཞིས་ཆགས་ཁག་ནང་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་ཁྲིམས་གཞི་སྐོར་ཟབ་སྦྱོང་དང་སློབ་གསོ་རིགས་སྤྲད་ཡོད་ཀྱང་དེ་ཙམ་ཕན་གྱི་མི་འདུག མི་མང་ལ་སྐད་ཆ་བཤད་པའི་སྐབས་མང་ཚོགས་ནས་ཧ་ཅང་ཡག་པོ་འདུག ཅེས་བརྗོད་ཀྱི་འདུག འོན་ཀྱང་དངོས་སུ་ལག་བསྟར་བྱས་པའི་སྐབས་ཡི་གེ་དང་ཀ་པུ་ཌར་ Computer སོགས་ཤེས་དགོས་ཀྱི་ཡོད་པར་བརྟེན། དཀའ་ངལ་འཕྲད་ཀྱི་འདུག ཟབ་སྦྱོང་འདི་ཉིད་སྤྲོད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཟབ་སྦྱོང་ཐོབ་མཁན་རྣམས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་ཁྲིམས་གཞི་ཐོག་ཞབས་ཞུ་དང་། སོ་སོ་ཡིན་ནའང་རྐང་པའི་ཐོག་ལང་ཐུབ་པ་མ་ཟད། མི་མང་ལའང་ཐུགས་ཕན་གསོ་ཐུབ། མི་མང་ལ་ཐུགས་ཕན་གསོ་བར་སྔོན་ལ་སོ་སོར་ཤེས་བྱ་ཡོན་ཏན་དགོས་ཀྱི་ཡོད་སྟབས། ཟླ་བ་གཅིག་རིང་གི་ཟབ་སྦྱོང་སྐབས་ཚང་མས་གལ་ཆེ་དོན་ཆེར་བརྩིས་ཏེ་དོ་སྣང་ཤུགས་ཆེ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
སྤྱིར་ཟླ་བ་གཅིག་རིང་གི་ཟབ་སྦྱོང་སྐབས་གཙོ་བོ་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་ཁྲིམས་གཞི་ GST Act སྐོར་དང་ Tally སྐོར་སོགས་ཟབ་ཁྲིད་གནང་རྒྱུ་ཡིན་འདུག་པ་དང་། ཟབ་སྦྱོང་རིང་ཡིག་རྒྱུགས་རྩེད་ཕུད་སོན་མཁན་རྣམས་ས་གནས་ཁག་གཅིག་ལ་དཔལ་འབྱོར་ལས་ཁུངས་ཀྱི་སྐུ་ཚབ་ལྟ་བུར་བསྐོ་གཞག་གནང་རྒྱུ་ཡིན་འདུག་པ་བཅས།།